ཀཤི་མིར་གཞུང་ལམ་གསར་བཟོར་རྒྱ་ནག་དམག་མིས་བཀག་འགོག
2009.11.30
༄༅༎རྒྱ་གར་གྱི་ཇ་མུར་ཀ་ཤི་མིར་མངའ་སྡེའི་གཞུང་གིས་རྒྱ་གར་རྒྱལ་ཡོངས་གྲོང་གསེབ་ལས་སྤྲོད་འགན་ལེན་ལས་འཆར་ལྷན་ཁང་གི་མངའ་འོག་ནས་རྒྱ་གར་དང་བོད་ཀྱི་ས་མཚམས་ཁུལ་དུ་གྲོང་གསེབ་པའི་ལས་རྩོལ་དཀའ་ངལ་སེལ་ཐབས་ཀྱི་ཆེད་དུ་རྒྱང་ཚད་ཀི་ལོ་མི་ཊར་བརྒྱད་ཀྱི་གཞུང་ལམ་གསར་བཟོའི་ལས་གཞི་ཞིག་འགོ་འཛུགས་བྱས་ཡོད་ན་ཡང་རྒྱ་ནག་གཞུང་གི་དམག་མིས་བཀག་འགོག་བྱས་ཡོད་པའི་སྐོར་ས་གནས་དཔོན་རིགས་ཤིག་གིས་འགྲེལ་བརྗོད་གནང་འདུག ཇ་མུར་ཀ་ཤི་མིར་མངའ་སྡེའི་བློན་ཆེན་ཨོ་མའར་ཨབ་རྡུ་ལ་ཡིས་རྒྱ་གར་གྱི་ཨེ་སི་པེ་རེ་སི་ཞེས་པའི་ཚགས་ཤོག་ཐོག་གཟའ་ཟླ་བའི་ཉིན་འགྲེལ་བརྗོད་གནང་དོན་ལྟར་ན་རྒྱ་ནག་གཞུང་ཕྱོགས་ནས་གཞུང་ལམ་གསར་བཟོའི་ལས་གཞི་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་པའི་སྐབས་ས་གནས་སུ་ཀོ་ལོ་མི་ཊར་གསུམ་ཙམ་གྱི་གཞུང་ལམ་གསར་རྒྱག་བྱས་ཟིན་ཡོད་པ་དང་གནད་དོན་དེའི་སྐོར་ང་ཚོས་རྒྱ་གར་དབུས་གཞུང་ལ་སྙན་སེང་ཞུས་ཟིན་པའི་སྐོར་འགྲེལ་བརྗོད་གནང་འདུག དེ་བཞིན་ས་གནས་དཔོན་རིགས་གཞན་ཞིག་གིས་གསུངས་བར་ཇ་མུར་ཀ་ཤི་མིར་མངའ་སྡེའི་རྒྱ་གར་དང་བོད་ཀྱི་ས་མཚམས་ཁུལ་དུ་གཞུང་ལམ་གསར་རྒྱག་བྱེད་ཡས་དེ་ནི་ས་གནས་མི་མང་གིས་ཤུགས་ཆེའི་དགོས་འདུན་བཏོན་པའི་འོག་ལམ་བཟོའི་ལས་དོན་སྤེལ་བ་ཞིག་ཡིན་པ་གསལ་སྟོན་གནང་བཞག ད་རེས་རྒྱ་གར་དང་བོད་ཀྱི་ས་མཚམས་ཁུལ་དུ་རྒྱ་གར་གཞུང་གིས་ས་གནས་མི་མང་ཚོའི་དགོས་འདུན་འོག་གཞུང་ལམ་གསར་རྒྱག་གི་ལས་གཞིར་རྒྱ་ནག་གཞུང་གིས་བཀག་འགོག་བྱེད་པ་དེ་ཡང་ཉེ་བའི་ཆར་རྒྱ་གར་དང་རྒྱ་ནག་དབར་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཇ་མུར་ཀ་ཤི་མིར་ས་གནས་མི་མང་ཚོར་ཐོངས་མཆན་སྤྲོད་ཡས་རྒྱ་གར་གྱི་ས་གནས་གཞན་དང་མི་མང་དང་མི་འདྲ་བ་འཛིན་ནས་རྒྱ་དཀར་ནག་གཉིས་དབར་རྩོད་གཞི་བྱུང་བའི་རྗེས་ཕྱོགས་གཉིས་དབར་ཇ་མུར་ཀ་ཤི་མིར་གྱི་གནད་དོན་ཐོག་གི་རྩོད་གཞི་གཞན་ཞིག་ཆགས་ཡོད་པ་དང་ དེ་བཞིན་ཟླ་བ་སྔོན་མ་རྒྱ་ནག་གཞུང་གིས་པ་ཀི་སི་ཐན་གྱི་ཁྱབ་ཁོངས་སུ་གཏོགས་པའི་ཀ་ཤི་མིར་ས་གནས་ནང་ཨ་སྒོར་ཐེར་འབུམ་གནས་པའི་ཆུ་འཛིན་རྒྱབ་རྒྱུར་དཔལ་འབྱོར་རོགས་རམ་བྱས་པར་རྒྱ་གར་གཞུང་གིས་བསྐྱོན་བརྗོད་གནང་བཞིན་ཡོད་པ་རེད་།