པེ་ཅིང་ནང་གསར་འགོད་ལྷན་ཚོགས་བསྐྱང་རྒྱུ་ཕྱིར་འཐེན་བྱས་པ།
2008.08.17
༄༅༎ཨོ་ལིམ་པིག་གི་རྩལ་འགྲན་དང་འབྲེལ་བའི་ཉིན་རེའི་བྱེད་སྒོ་ཁག་གི་སྐོར་རྒྱལ་སྤྱིའི་ཨོ་ལིམ་པིག་ཚོགས་ཆུང་དང་པེ་ཅིང་གི་ཨོ་ལིམ་པིག་རྩལ་འགྲན་གོ་སྒྲིག་ཚོགས་ཆུང་གཉིས་ཟུང་སྦྲེལ་གྱི་ཐོག་ནས་ཉིན་ལྟར་གསར་འགོད་ལྷན་ཚོགས་ཤིག་ཨོ་ལིམ་པིག་རྩེད་འགྲན་འགོ་ཚུགས་པ་ནས་བཟུང་ ཉེ་ཆར་གཟའ་པ་སངས་བར་ཉིན་ལྟར་མཇུག་སྐྱོང་བྱས་ཡོད་རུང་ ཁང་ཉིན་གཟའ་སྤེན་པ་དང་ཁ་ས་གཟའ་ཉི་མའི་ཉིན་གྱི་གསར་འགོད་ལྷན་ཚོགས་དེ་རྒྱུ་མཚན་ཅི་ཡང་མེད་པར་གློ་བུར་ཐོག་རྒྱག་ལ་མེད་པ་བཟོས་ཡོད་པ་རེད་ དེར་བརྟེན་ དེ་ནི་རྒྱལ་སྤྱིའི་ཨོ་ལིམ་པིག་ཚོགས་ཆུང་དང་པེ་ཅིང་གི་ཨོ་ལིམ་པིག་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་སོ་སོའི་འབྲེལ་ཡོད་མགྲིན་ཚབ་པ་ཚོས་གསར་འགོད་པའི་འདྲི་བར་ལན་འདེབས་སྤྲོད་རྒྱུ་ལས་གཡོལ་ཐབས་བྱས་པ་རེད་ཅེས་འཛམ་གླིང་གི་རྒྱལ་ཁབ་སྣ་ཚོགས་ནས་པེ་ཅིང་ནང་འཛོམས་པའི་རྒྱལ་སྤྱིའི་གསར་འགོད་པ་ཚོས་སྐྱོན་བརྗོད་བྱས་ཡོད་པ་རེད་ རྒྱལ་སྤྱིའི་ཨོ་ལིམ་པིག་ཚོགས་ཆུང་དང་ པེ་ཅིང་གི་ཨོ་ལིམ་པིག་རྩལ་འགྲན་གོ་སྒྲིག་ཚོགས་ཆུང་གཉིས་ཐུན་མོང་གི་ཐོག་ནས་གཟའ་པ་སངས་བར་དུ་ ཉིན་ལྟར་གསར་འགོད་ལྷན་ཚོགས་གོ་སྒྲིག་བྱེད་སྐབས་ འཛམ་གླིང་གི་གསར་འགོད་པ་ཚོས་ སྤྱིར་འགྲོ་བ་མིའི་ཐོབ་ཐང་དང་ བྱེ་བྲག་བོད་ཀྱི་གནད་དོན་ ཆོས་དད་རང་དབང་སོགས་ རྒྱ་ནག་གཞུང་གིས་ཚོར་སྣང་རྣོ་པོར་འཛིན་བཞིན་པའི་གནད་དོན་ཁག་གི་ཐོག་ལ་ཕར་རྒོལ་གྱི་རང་བཞིན་ལྡན་པའི་འདྲི་བ་ཚ་པོ་བཀོད་སྐབས་ དངོས་འབྲེལ་ཅན་གྱི་ལན་འདེབས་སྤྲོད་རྒྱུར་དཀའ་འཚེགས་ཆེན་པོ་འཕྲད་དེ་ དེའི་རྗེས་སུ་ གློ་བུར་ཐོག་རྒྱག་ལ་གསར་འགོད་ལྷན་ཚོགས་བསྐྱང་རྒྱུ་ཕྱིར་འཐེན་བྱས་པ་ཡིན་པ་རེད་ དངོས་ཡོད་གནས་ཚུལ་དེ་ལྟར་ཡིན་པར་གསར་འགོད་པ་ཚོས་མཐོང་ཚུལ་འཛིན་བཞིན་པ་ཡིན་ནའང་ ཨོ་ལིམ་པིག་གི་རྩེད་འགྲན་ཞི་འཇམ་ངང་འགྲོ་བཞིན་པ་སོང་ཙང་གསར་འགོད་ལྷན་ཚོགས་ཉིན་ལྟར་བཞིན་གོ་སྒྲིག་བྱེད་དགོས་ཡག་ཡོག་མ་རེད་ཅེས་པེ་ཅིང་གི་ཨོ་ལིམ་པིག་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་མགྲིན་ཚབ་པ་ སུན་ལྦེ་ཏེས་ ཨེ་ཨེཕ་པི་གསར་སྤེལ་ལས་ཁང་གི་གསར་འགོད་པར་བརྗོད་ཡོད་པ་རེད་ ཉིན་རེའི་གསར་འགོད་ལྷན་ཚོགས་ཕྱིར་འཐེན་བྱས་པ་དང་ གསར་འགོད་པ་ཚོས་བཀོད་པའི་འདྲི་བ་ཚ་ངར་ཅན་དེ་ཚོའི་དབར་ལ་འབྲེལ་བ་ཡོག་མ་རེད་ཅེས་དང་ འདྲི་བར་ལན་རྒྱབ་རྒྱུ་ནི་ལས་ཀའི་ཆ་ཤས་རེད་ འདྲི་བ་ཁག་ནི་ག་དུས་ཡིན་ནའང་མཁྲེགས་པོ་ཞེ་གཅིག་རེད་ ཡིན་ནའང་འདྲི་བ་དེ་ཚོའི་ནང་དོན་གཅིག་པ་མ་རེད་ཅེས་རྒྱལ་སྤྱིའི་ཨོ་ལིམ་པིག་ཚོགས་ཆུང་གི་མགྲིན་ཚབ་མ་ ཇི་ཛེལ་ཌེ་ལྦིསི་ ཡིས་བརྗོད་ཡོད་པ་རེད།