བོད་མི་ཞི་རྒོལ་བ་ཞིག་ལ་ཉེས་རྡུང་ཚབས་ཆེ་བཏང་བ།
2012.02.14
༄༅༎ཕྱི་ཟླ་ ༢ ཚེས་ ༡༡ ཉིན་བོད་ཀྱི་ཁམས་དཀར་མཛེས་རྗོང་ཐོག་ཏུ་བོད་རིགས་ན་གཞོན་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་པའི་སྐབས་ ས་གནས་ཀྱི་ཉེན་རྟོག་པས་ཉེས་རྡུང་ཚབས་ཆེ་བཏང་ནས་བཙན་འཁྲིད་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག་། དེ་ཡང་ང་ཚོའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་སུ་བོད་ནས་བོད་མི་ཞིག་གིས་འགྲེལ་བརྗོད་གནང་བའི་ནང་ ཕྱི་ཟླ་༢་ ཚེས་ ༡༡་ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡་ ཙམ་ལ་བོད་རིགས་ན་གཞོན་ རང་ལོ་ ༢༡་ ཙམ་ཡིན་པ་ བཀྲིས་དཔལ་ལྡན་ལགས་ཞུ་བ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་ཅིང་། དཀར་མཛེས་གྲོང་ཁྱེར་གྱི་དབུས་ཀྱི་ས་གནས་རྟ་ཆེན་མདོ་ཟེར་བའི་ས་གནས་རྒྱ་གཞུང་གི་ཉེན་རྟོག་པ་དང་ དམག་མི་ཕོན་ཆེས་གོ་མཚོན་བོད་མི་ཕྱོགས་སུ་བཙུགས་ནས་བལྟ་སྲུང་བྱེད་བཞིན་པའི་ཁོར་ཡུག་ནང་ ཁོང་གིས་བོད་ལ་རང་བཙན་དགོས་པ་དང་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་ཅེས་སྐད་འབོད་ཤུགས་ཆེ་རྒྱབ་འདུག་། སྐབས་དེར་ས་གནས་སུ་ཡོད་པའི་རྒྱ་གཞུང་གི་ཉེན་རྟོག་དམག་མིས་ བཀྲིས་དཔལ་ལྡན་ལགས་ལམ་སེང་དོ་དམ་བྱས་པ་མ་ཟད་ དབྱུགས་པ་དང་ མེ་མདའི་ཡུ་བ་དང་ རྡོག་ཐོ་རྒྱབ་ནས་ཉེས་རྔུང་ཚབས་ཆེ་བཏང་ནས་བཙན་འཁྲིད་བྱས་པའི་་གནས་ཚུལ་བོད་ནས་དངོས་སུ་གཟིགས་མཁན་བོད་རིགས་ཤིག་གིས་འགྲེལ་བརྗོད་གནང་འདུག་།
བོད་ཀྱི་བྲག་འགོ་དང་ གསེར་རྟ་དང་ འཛམ་ཐང་སོགས་སུ་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེ་བྱས་པའི་རྗེས་སུ་ དཀར་མཛེས་ཁུལ་དུ་རྒྱ་ནག་གི་དམག་དཔུང་ཇེ་མང་དུ་བཏང་ཡོད་པ་མ་ཟད་ གྲོང་ཁྱེར་ནང་བལྟ་སྲུང་ཁང་བཙུགས་ནས་མེ་མདའ་རྒྱོབ་ཆོག་ཆོག་བྱས་ནས་བོད་མིའི་ཐོག་འཇིགས་བསྐུལ་བྱེད་བཞིན་པ་ཡིན་པ་འགྲེལ་བརྗོད་གནང་འདུག་། འོན་ཀྱང་བོད་མི་རྣམས་ཀྱིས་མུ་མཐུད་ནས་རྒྱ་གཞུང་ལ་མ་འདོད་པའི་རྣམ་འགྱུར་དང་ ངོ་རྒོལ་གྱི་དོན་རྐྱེན་ཐོན་བཞིན་པ་ཡིན་པ་ས་གནས་ནས་བོད་མིས་འགྲེལ་བརྗོད་གནང་འདུག་།