རྒྱ་ནག་ནང་གི་གསར་འགོད་པ་ཞིག་དགོངས་པ་ཞུ་རུ་བཅུག་པ།
2011.01.28
༄༅༎རྒྱ་ནག་ནང་སྙན་གྲགས་ཆེ་བའི་གསར་འགོད་པ་ཞིག་རྒྱ་ནག་གཞུང་ཕྱོགས་ནས་བཙན་དབང་གིས་གསར་འགྱུར་ལས་ཁང་ནས་ལས་ཀ་དགོངས་པ་ཞུ་བཅུག་ཡོད་འདུག
རྒྱ་ནག་གཞུང་གིས་ལས་དོན་སྤེལ་ཕྱོགས་ལ་སྐྱོན་བརྗོད་གནང་ནུས་མཁན་རྒྱ་ནག་གི་གསར་འགོད་པ་གྲང་བིང་ཕྱི་ཟླ་དང་པོའི་ཚེས་༢༧ཉིན་ རྒྱ་ནག་གཞུང་གི་ལས་དོན་སྤེལ་ཕྱོགས་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ་རྒྱུ་མིན་པ་ཁས་ལེན་མ་བྱས་པའི་རྐྱེན་གྱིས་རྒྱ་ནག་གི་ལྷོ་ཕྱོགས་གྲོང་ཁྱེར་ཚགས་ཤོག་ལས་ཁང་གིས་བཙན་དབང་འོག་ལས་ཀ་ནས་དགོངས་ཞུ་གནང་དགོས་བྱུང་ཡོད་པ་རེད་ གསར་འགོད་པ་གྲང་བིང་གིས་ཁོང་གི་དྲ་རྒྱའི་དོ་རའི་ནང་དེའི་སྐོར་བྲིས་ཡོད་པའི་ནང་ ང་ལ་དམིགས་བསལ་གྱི་ནོར་འཁྲུལ་གང་ཡང་མེད་པ་དང་ ངའི་ནོར་འཁྲུལ་གཅིག་པུ་དེ་ནི་དུས་རྒྱུན་དུ་ནས་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ་བ་དེ་ཡིན་ཞིང་སྲིད་གཞུང་གིས་ལས་དོན་སྤེལ་ཕྱོགས་མི་འགྲིག་པ་རྣམས་རྩོམ་ཡིག་གི་རྣམ་པའི་ཐོག་ནས་ཕྱིར་བཏོན་གྱི་ཡོད་པ་དེར་མི་མང་པོས་ང་ལ་རྩོམ་ཡིག་དེ་རིགས་བྲིས་རྒྱུ་མེད་པའི་སྐོར་སྐད་ཆ་བཤད་མཁན་བྱུང་ ཡིན་ནའི་ངས་དེར་ཁས་ལེན་གང་ཡང་བྱས་མེད་པར་བརྟེན་ གནོན་ཤུགས་འོག་ངས་ལས་ཀ་ནས་དགོངས་པ་མི་ཞུ་ཀ་མེད་ཐུག་སོང་ ངས་ ནོར་འཁྲུལ་གྱི་སྲིད་བྱུས་དང་ ལས་དོན་སྤེལ་ཕྱོགས་རིགས་ལ་སྐྱོན་བརྗོད་བྱས་པའི་དབང་གིས་ནག་ཉེས་བཙུགས་ཡས་རིགས་ལ་ཁ་རྡུང་དྲག་པོ་གཏོང་རྒྱུ་ཡིན་ཞེས་འཁོད་ཡོད་འདུག
ནན་ཕང་གྲོང་ཁྱེར་ཚགས་ཤོག་ལས་ཁང་གི་མིང་འབོད་གནང་འདོད་མེད་པའི་འབྲེལ་ཡོད་འགན་འཛིན་ཞིག་གིས་བརྗོད་པར་ གྲང་བིང་ལས་གནས་ནས་དགོངས་ཞུ་བྱེད་ཡས་ནི་ ཁོང་གི་ལས་ཀའི་དུས་བཀག་གན་རྒྱ་རྫོགས་གྲབས་ཡོད་པར་བརྟེན་ དེ་ནི་རྒྱུན་ལྡན་ཞིག་ཡིན་ལུགས་ཕ་རན་སི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་བྱས་འདུག རྒྱ་ནག་དྲིལ་བསྒྲགས་ལས་ཁང་དང་ རྒྱ་ནག་གསར་འགོད་པའི་མཐུན་ཚོགས་ཀྱིས་ཉེ་བའི་ཆར་ རྒྱ་ནག་ནང་གསར་འགྱུར་རྫུན་མའི་རིགས་སྤེལ་རྒྱུར་བཀག་འགོག་ཅེས་པའི་དོན་ཚན་གསུམ་གྱི་སློབ་གསོའི་ལས་དོན་ཞིག་སྤེལ་ནས་ དེ་རིགས་རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ཁག་ནང་དྲིལ་བསྒྲགས་བྱེད་བཞིན་པ་དང་ གསར་འགོད་པ་གྲང་བིང་གིས་ ཁོང་གི་རྩོམ་ཡིག་སྤེལ་བའི་ནང་རྫུན་གཏམ་རིགས་རྩ་བ་ནས་མེད་པར་བརྟེན་ ཁོང་ལས་གནས་ནས་ཕྱིར་འབུད་གཏོང་ཡས་དེ་ཡང་རྒྱ་ནག་གཞུང་གིས་ཉེ་བའི་ཆར་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་སྟངས་འཛིན་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་ལས་དོན་དང་འབྲེལ་བ་ཡོད་པ་གསུང་འདུག གསར་འགོད་པ་གྲང་བིང་ནི་ནན་ཕང་གྲོང་ཁྱེར་ཚགས་ཤོག་ལས་ཁང་གི་གསར་འགོད་པ་དང་ ཆེད་རྩོམ་སྤེལ་མཁན་སྙན་གྲགས་ཅན་ཞིག་ཡིན་ཞིང་ ཁོང་གིས་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་ནང་གི་ཞི་རྒོལ་ཆེན་མོ་བྱུང་བའི་སྐབས་ རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་བོད་ནང་གནས་ཚུལ་སྤེལ་བར་བསྐྱོད་རྒྱུར་བཀག་སྡོམ་བྱས་པའི་ཐོག་སྐྱོན་བརྗོད་གནང་མྱོང་ཡོད་པ་མ་ཟད་རྒྱ་ནག་གཞུང་གིས་བོད་མིའི་དབུ་འཁྲིད་སྤྱིར་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཞི་བའི་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཞུ་མཁན་ཞིག་ཡང་ཡིན་པ་རེད་