ཨོ་ལིམ་པིག་རྩེད་འགྲན་ཆེད་དམ་བསྒྲགས་བྱེད་བཞིན་ཡོད་པ།
2008.08.01
༄༅༎དེ་རིང་རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་རིང་ལ་འཇིགས་སྐུལ་དྲག་སྤྱོད་པོའི་གཏོར་རྒོལ་གྱི་བྱ་སྤྱོད་སྤེལ་རྒྱུ་འགོག་ཐབས་ཀྱི་ཆེད་དུ་རྒྱལ་ས་པེ་ཅིང་དང་དེ་བཞིན་གྱི་དམ་བསྒྲགས་བྱེད་ཡུལ་གྱི་བོད་དང་ཤིང་ཅང་གི་ས་ཁུལ་ནང་སྲུང་སྐྱོབ་དམ་བསྒྲགས་བྱས་ཡོད་པའི་སྐོར་ཤིང་ཧཱ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་ཨོ་ལིམ་པིག་རྩེད་འགྲན་གྱི་བདེ་འཇགས་བཀོད་བསྡོམས་ལྟེ་གནས་ཁང་གི་འགན་འཛིན་དམག་དཔོན་ ཐན་ཡ་ཞང་ ཟེར་བས་ཟླ་བ་འདིའི་ཕྱི་ཚེས་ ༨ ནས་ ༢༤ བར་ཚོགས་རྒྱུའི་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་རིང་ལ་བདེ་འཇགས་འགན་ལེན་ཡོང་རྒྱུར་རྒྱ་ནག་གི་དམག་དོན་ཁང་ནས་རྒྱལ་ས་པེ་ཅིང་ནང་དམིག་མི་གསུམ་ཁྲི་བཞི་སྟོང་དང་གནམ་གྲུ་༡༢༥ དམག་གྲུ་བཅུ་ཕྲག་འགའ་ཤས་ཤིག་འགྲེམས་འཇོག་བྱས་པའི་སྐོར་བཤད་ཡོད་ཅིང༌། ཤིང་ཧཱ་གསར་ཤོག་ཐོག་ལའང་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་རྩེད་འགྲན་རིང་ལ་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་གཏོང་ཐབས་བྱེད་པའི་བྱ་སྤྱོད་ཕམ་ཉེས་གཏོང་ཐུབ་པའི་ནུས་པ་ལྡན་པའི་བདེ་འཇགས་འགན་སྲུང་ཐུབ་པའི་གདེང་ཚོད་ཆེན་པོ་ཡོད་པའི་སྐོར་བཤད་ཡོད་པ་རེད། ད་དུང་དམག་མིའི་སྲུང་སྐྱོབ་དམ་བསྒྲགས་དེའི་ཐོག་ལ་རྫས་འགྱུར་གྱི་འཕྲུལ་ཆས་ཁ་ཕྱོགས་ག་པར་ཡོད་མེད་ཤེས་རྟོགས་ཐུབ་པའི་འཕྲུལ་ཆས་གསར་དུ་བཙུགས་པ་དང་ས་ཐོགནས་མཁའ་དབྱིངས་སུ་གཏོར་རྒོལ་གཏོང་ཐུབ་པའི་འཕྲུལ་ཆས་རིགས་འགྲེམས་འཇོག་བྱས་པ་མ་ཟད། པེ་ཅིང་ནང་གི་གནམ་ཐང་དང་རི་ལིའི་བབས་ཚུགས་སོགས་མི་དམངས་ཀྱི་འགྲིམས་འགྲུལ་ཁག་ཐོག་སྔོག་བཤེར་སོགས་རྟོགས་ཞབ་ནན་པོ་བྱ་རྒྱུ་དང་པེ་ཅིང་ཕྱོགས་སུ་འགྲོ་བསྐྱོད་བྱེད་ཡུལ་གྱི་འགྲོ་ལམ་འཁེལ་ཡུལ་ཁག་ཐོག་རྟོགས་ཞིབ་བྱེད་མཁན་གྱི་ལྟ་སྲུང་ཁང་བརྒྱ་ཕྲག་བཙུགས་པ། ཉེན་རྟོག་པ་དང་མི་དམངས་དང་བླངས་བ་སྟོང་ཕྲག་མང་པོ་རྒྱལ་སའི་སྲང་ལམ་ཐོག་འགྲེམས་འཇོགས་ཀྱིས་མྱུལ་ཞིབ་ཀྱི་ལས་དོན་སྤེལ་བྱེད་བཞིན་པ་དང་ལྷག་པར་དུ་མི་དམངས་མང་པོ་འདུ་འཛོམས་བྱེད་ཡུལ་ཞབས་བྲོ་འཁྲབ་ཡུལ་མཚན་ཚོགས་ཁང་མང་པོ་ཞིག་བཙན་དབང་གིས་སྒོ་རྒྱབ་ཏུ་བཅུག་ཡོད་པ་རེད། དེ་རིང་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་ཡུལ་གྱི་བོད་དང་ཤིང་ཅང་ནང་གི་རྒྱ་མིའི་འགོ་ཁྲིད་ཚོས་ཀྱང་གཅིག་མཚུངས་ཀྱིས་རྩེད་འགྲན་རིང་ལ་འཇིགས་སྐུལ་དྲག་སྤྱོད་པའི་བྱ་སྤྱོད་ལ་གདོང་ལེན་བྱེད་ཐུབ་པའི་སྲུང་སྐྱོབ་འགན་ལེན་ཡོད་པའི་སྐོར་གསལ་བསྒྲགས་བྱས་ཡོད་ཅིང༌། ཡིན་ནའང་ནུབ་ཕྱོགས་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་དམངས་གཙོ་དོན་གཉེར་ཅན་ཚོས་རྒྱ་ནག་གཞུང་གིས་ཉེན་ཁ་དེ་དག་འགོག་ཐབས་ཀྱི་ཆེད་དུ་རྩེད་འགྲན་རིང་ལ་ཕྱི་ཕྱོགས་ནས་རྒྱ་ནག་ནང་འགྲིམས་འགྲུལ་བྱ་རྒྱུར་ཐོངས་མཆན་ལག་འཁྱེར་སྤྲོད་རྒྱུར་དམ་བསྒྲགས་ཆེན་པོ་བྱེད་པའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།