རྒྱ་གར་གྱིས་རྡུལ་ཕྲན་ནུས་པའི་མཚོ་འོག་དམག་གྲུ་བཟོ་བསྐྲུན།
2009.07.28
༄༅༎རྒྱ་གར་གཞུང་གིས་རྡུལ་ཕྲན་ནུས་ཤུགས་ལ་བརྟེན་པ་དང་མེ་ཤུགས་འཕུར་མདེལ་འཁྱེར་བའི་མཚོ་འོག་དམག་གྲུ་བཟོ་སྐྲུན་གྱི་ལས་འཆར་གསལ་བསྒྲགས་གནང་བར་མངའ་ཁུལ་གྱི་བདེ་འཇགས་ལ་ཉེན་ཚབས་བཟོ་བཞིན་ཡོད་པ་རེད་ཅེས་པ་ཀི་སི་ཐན་གཞུང་གིས་སྐྱོན་བརྗོད་གནང་འདུག
དེ་ཡང་བདུན་ཕྲག་འདིའི་རེས་གཟའ་ཉི་མའི་ཉིན་རྒྱ་གར་གཞུང་གིས་མ་གནས་ཨ་སྒོར་ཐེར་འབུམ་གསུམ་མིན་ཙམ་གྱི་རྡུལ་ཕྲན་ནུས་ཤུགས་ལ་བརྟེན་པའི་མེ་ཤུགས་འཕུར་མདེལ་གོ་མཚོན་འཁྱེར་བའི་མཚོ་འོག་དམག་གྲུ་བཟོ་སྐྲུན་བྱེད་རྒྱུའི་ལས་འཆར་དེ་བཞིན་ཕྱི་ལོ་ཉིས་སྟོང་བཅོ་ལྔ་ལོའི་ནང་ཚུད་དངོས་སུ་བཟོ་བསྐྲུན་ཐུབ་པའི་གསལ་བསྒྲགས་གནང་ཡོད་པ་རེད། རྒྱ་གར་གཞུང་གིས་ས་མཚོ་གནམ་གསུམ་ལྡན་གྱི་ཐོག་ནས་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་བྱེད་ཐུབ་པའི་ནུས་ཤུགས་ཡོད་པའི་ཐོག་ད་ཆ་ཡང་མེ་ཤུགས་འཕུར་མདེལ་གོ་མཚོན་འཁྱེར་བའི་མཚོ་འོག་དམག་གྲུ་ཞིག་ཀྱང་བཟོ་སྐྲུན་བྱེད་རྒྱུ་ཡིན་པ་རེད། ད་རེས་མཚོ་འོག་དམག་གྲུའི་ལས་འཆར་དེ་བརྒྱུད་ད་ཆ་རྒྱ་གར་དེ་བཞིན་ས་མཚོ་གནམ་གསུམ་ཐོག་ནས་རྡུལ་ཕྲན་གོ་མཚོན་ལྡན་པའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པ་རེད།
ཡིན་ནའང་པ་ཀི་སི་ཐན་ལ་མཚོན་ན་ས་ཐོག་དང་གནམ་ཐོག་ནས་རྡུལ་ཕྲན་མཚོན་ཆ་འཕེན་ཐུབ་པའི་ཆ་རྐྱེན་ཡོད་པ་མ་གཏོགས་མཚོ་འོག་ནས་རྡུལ་ཕྲན་མཚོན་ཆ་འཕེན་རྒྱུའི་ཐོན་རྐྱེན་མེད་པ་རེད།