བོད་དོན་རྒྱབ་སྐྱོར་ཆེད་ཅེཀ་སྤྱི་མཐུན་རྒྱལ་ཁབ་ལ་འབོད་སྐུལ།
2008.06.24
༄༅༎ཡོ་རོབ་ཀྱི་ཡུལ་གྲུ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཇཱ་ན་ཧི་སྦ་སི་ཀོ་ལྦ་ལགས་ཀྱིས་ བོད་ཀྱི་གནད་དོན་ཐད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་གྲོས་མོལ་གྱི་ལས་དོན་མདུན་བསྐྱོད་ཡོང་རྒྱུར་ ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ནས་མཐུན་འགྱུར་གནང་དགོས་སྐོར་གསུངས་ཡོད་པ་སུད་སིར་གྲོང་ཁྱེར་ཇི་ནི་ལྦར་རྟེན་གཞི་བྱེད་པའི་བཙན་བྱོལ་བོད་གཞུང་སྐུ་ཚབ་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་འདུག
ཕྱི་ཟླ་དྲུག་པའི་ཚེས་༡༩ ཉིན་ཅེཀ་ཀྱི་རྒྱལ་ས་པཱ་རའག་ཏུ་སྲིད་འཛིན་ཟུར་པ་ཧ་ལྦེལ་མཆོག་གི་མཚན་ཐོག་ཡོད་པའི་འགྲེམས་སྟོན་དཔེ་མཛོད་ཁང་ནས་ བོད་དོན་ཐད་ཀྱི་བགྲོ་གླེང་ཞིག་གོ་བསྒྲིགས་གནང་པའི་སྐབས་ གྲོས་ཚོགས་ཀྱི་འཐུས་མི་ལྕམ་ཧི་སྦ་སི་ཀོ་ལྦ་མཆོག་གིས་ ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ནས་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོའི་འགན་འཁུར་བླངས་པའི་སྐབས་ བོད་རྒྱའི་དབར་གྱི་གྲོས་མོལ་དེ་བཞིན་དུས་ཚོད་རྒྱས་བཅད་ལྡན་པ་དང་ དོན་སྙིང་ལྡན་པ་ཞིག་འབྱུང་ཐབས་ཐད་སྲིད་བྱུས་ཤིག་གཏན་འབེབས་འབྱུང་ཐབས་གནང་དགོས་པ་གསུངས་ཡོད་འདུག ཚོགས་འདུ་དེའི་ཐོག་བཙན་བྱོལ་བོད་གཞུང་གི་སུད་སིའི་སྐུ་ཚབ་དོན་གཅོད་ ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས་ཀྱང་ཚོགས་བཞུགས་གནང་ཡོད་པ་རེད་
བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཁང་དེས་གནས་ཚུལ་སྤེལ་བར་གཞིགས་ན་ བགྲོ་གླེང་གི་ཚོགས་འདུ་དེའི་ཐོག་ ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གི་བློན་ཆེན་ཁག་གཉིས་དང་ གཞུང་གི་དཔོན་རིགས་མཐོ་གྲས་ དེ་བཞིན་ཅེཀ་དང་ ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་སོགས་ཚོགས་ཞུགས་གནང་འདུག་ཅིང་ ཚོགས་བཅར་བ་མང་ཆེ་བས་ བོད་ཀྱི་ད་ལྟའི་གནས་བབ་ཐད་ཐུགས་འཚབ་ཧ་ཅང་ཆེན་པོ་ཡོད་པ་དང་ ཨོ་ལིིམ་པིག་མཇུག་བསྒྲིལ་རྗེས་བོད་ཀྱི་གནད་དོན་ཐད་སྲིད་བྱུས་བཟང་ཕྱོགས་སོགས་ཀྱི་སྐོར་བགྲོ་གླེང་ལྷུགས་པོ་གནང་ཡོད་འདུག
བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུན་ལགས་ཀྱིས་ཚོགས་འདུའི་ཐོག་ བཙན་བྱོལ་བོད་གཞུང་གི་ངོས་ནས་རང་བཙན་རྩོད་ལེན་གནང་གི་མེད་པ་དང་ རྒྱ་ནག་ཏུ་ཚུགས་རྒྱུའི་ཨོ་ལིམ་པིག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་གི་ཡོད་པ་གསལ་བཤད་གནང་ཡོད་འདུག།