ཨ་རིའི་མཚོ་དམག་ཨོསོ་ཀྲོ་ལི་ཡར་དཔུང་འཇོག
2012.04.05
༄༅༎ཨོསོ་ཀྲོ་ལི་ཡའི་ནང་ཨ་མི་རི་ཀའི་མཱ་རིན་མཚོ་ཐོག་དམག་མི་དཔུང་འཇོག་བྱས་པའི་རྗེས་རྒྱ་ནག་གཞུང་གིས་ཨེ་ཤི་ཡ་དང་ཞི་བདེའི་རྒྱ་མཚོའི་ཁུལ་དུ་ཞི་བདེ་བརྟན་ལྷིང་གི་གནས་སྟངས་དགོས་གལ་ཆེ་བའི་སྐོར་གཏམ་བཤད་སྤེལ་འདུག་༎
སྔ་ལོ་ཕྱི་ཟླ་༡༡པའི་ནང་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ ཨོསོ་ཀྲོ་ལི་ཡའི་ནང་གཞུང་དོན་འཚམས་གཟིགས་སུ་ཕེབས་སྐབས་ ཨ་རི་དང་ཨོསོ་ཀྲོ་ལི་ཡ་་གཉིས་དབར་མཛའ་གྲོགས་ཀྱི་འབྲེལ་ལམ་དེ་ད་དུང་དམ་ཟབ་ཏུ་གཏོང་ཆེད་ ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཨོསོ་ཀྲོ་ལི་ཡའི་མཚོ་གླིང་ས་ཁུལ་གྱི་སྲུང་བྱའི་དོན་དུ་ཨ་མི་རི་ཀའི་དམག་མི་འགྲེམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད་པ་དང་ གྲོས་མཐུན་གཞིར་བཟུང་ ཁ་ས་ཨ་མི་རིའི་མཚོ་ཐོག་དམག་མི་གྲངས་༢༠༠ཐམ་པ་སྔོན་འགྲོའི་ཚུལ་དུ་ཨོསོ་ཀྲོ་ལི་ཡའི་ནང་དཔུང་འཇོག་བྱས་ཡོད་པ་རེད་ ཨ་མི་རི་ཀས་ ཨོསོ་ཀྲོ་ལི་ཡའི་ནང་དམག་མི་འགྲེམས་མཇོག་བྱས་པ་བརྒྱུད་དམག་དོན་གྱི་འབྲེལ་ལམ་རྒྱ་བསྐྱེད་གཏོང་བ་དེ་ཞི་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གི་སྟོབས་ཤུགས་ལ་ཁ་གཏད་གཅོག་པའི་ལངས་ཕྱོགས་ཤིག་ཡིན་པར་མང་པོས་དཔྱད་ཞིབ་བྱས་ཡོད་ལ་ སྐབས་དེར་རྒྱ་ནག་གཞུང་གིས་ཀྱང་ཨ་མི་རི་ཀས་གྲང་དམག་སྐབས་ཀྱི་བསམ་བློ་ལྟ་བུའི་སྲིད་ཇུས་བཟུང་གི་ཡོད་སྐོར་སྐྱོན་བརྗོད་བྱས་ཡོད་པ་རེད་ ཁ་ས་ཨ་མི་རི་ཀའི་དམག་མི་དངོས་སུ་ཨོསོ་ཀྲོ་ལི་ཡའི་ནང་དཔུང་འཇོག་ཐོག་མ་དེའི་བྱས་རྗེས་ རྒྱ་ནག་གཞུང་གིས་ཐད་ཀར་དགག་པ་སྐྱོན་བརྗོད་མ་བྱས་ཀྱང་ཟུར་ཟའི་ཐོག་ནས་འདོད་པ་མེད་པའི་རྣམ་འགྱུར་བཏོན་བཞག དེ་ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་མགྲིན་ཚབ་པ་ཧོང་ལེ་ཡིས་ ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཡུལ་ཁག་སོ་སོའི་སྲིད་ཇུས་དང་ དེ་བཞིན་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་བའི་སྲིད་ཇུས་ཇི་འདྲ་ཞིག་བཟུང་རུང་ སྲིད་ཇུས་དེ་དག་མངའ་ཁུལ་གྱི་ཡར་རྒྱས་དང་ཞི་བདེ་བརྟན་ལྷིང་ལ་ཕན་རླབས་ཡོང་བ་ཞིག་དགོས་རྒྱུ་གལ་གནད་ཤིན་ཏུ་ཆེན་པོ་ཡིན་སྐོར་གསལ་འདོན་བྱས་འདུག ད་རེས་ཨ་མི་རི་ཀའི་མཚོ་ཐོག་དམག་མིའི་རུ་ཁག་དང་པོ་དེ་ ཨོསོ་ཀྲོ་ལི་ཡའི་ནང་དཔུང་འཇོག་བྱས་པའི་རྗེས་ ༢༠༡༦ནང་ཚུད་ ཁྱོན་དམག་མི་སྡོམ་༢༥༠༠་དཔུང་མཇོག་བྱེད་འཆར་ཡོད་པ་དང་ ཞི་བདེ་རྒྱ་མཚོའི་ཁུལ་དུ་ཨ་རིའི་དམག་དོན་གྱི་ལས་འཆར་ལག་བསྟར་བྱེད་པའི་སྲིད་ཇུས་དེར་ ཨེ་ཤི་ཡའི་ཡུལ་ཁག་མང་པོས་དགའ་བསུའི་བསྔགས་བརྗོད་ཞུ་ཡི་ཡོད་པ་རེད་༎