༧གོང་ས་མཆོག་ནས་རྒྱ་གར་གྱི་ཚོང་པ་དང་ཤེས་ལྡན་མི་སྣར་བཀའ་སློབ་སྩལ་བ།
2019.09.21

ཕྱི་ཟླ་༩ཚེས་༢༡ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་Taj Mansingh ཞེས་པའི་གསོལ་མགྲོན་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་མཁས་དབང་དང་། ཚོང་འབྲེལ་མི་སྣ། གསར་འགོད་པ་བཅས་ཁྱོན་མི་གྲངས་བརྒྱ་ལྷག་ལྷན་འཛོམས་དེའི་ཐོག་བཀའ་སློབ་སྩལ་བའི་ནང་། འགྲོ་བ་མིའི་རིགས་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་མ་ཟད། འགྲོ་བ་མིའི་གཞི་རྩའི་རང་བཞིན་ནི་བྱམས་པ་དང་བརྩེ་བ་ཡིན་ཞིང་། ཚང་མ་སྤྱི་ཚོགས་ལ་རྟེན་དགོས་པ་ཞིག་ཡིན་སྐོར་བཀའ་བསྩལ་གནང་ཡོད་པ་རེད། དེ་བཞིན་གོང་ས་མཆོག་གིས་འཛམ་གླིང་འདིའི་སྟེང་གི་འགྲོ་བ་མི་དུང་ཕྱུར་ ༧༠ ལྷག་ཡོད་པ་ཚང་མའི་བྱམས་བརྩེ་དང་བྱམས་སྐྱོང་ལ་རྟེན་ནས་འཚོ་བསྡད་པ་ཞིག་ཡིན་ན་ཡང་། ང་ཚོས་ནང་སེམས་ཀྱི་བཟང་པོའི་ཡོན་ཏན་ལ་དེ་ཙམ་གྱི་དོ་སྣང་མ་བྱེད་པ་དང་ཕྱི་དངོས་པའི་འཛུགས་སྐྲུན་གཙོ་བཟུང་བྱས་དྲགས་པའི་རྐྱེན་གྱིས་དཀའ་ངལ་མང་དག་ཅིག་ཡོང་གི་ཡོད་པ་དང། ད་ལྟའི་ཤེས་ཡོན་ལམ་ལུགས་ནང་ཕྱི་དངོས་པོའི་འཛུགས་སྐྲུན་དང་ཡར་རྒྱས་ཐོག་གོམས་འདྲིས་བྱེད་བཞིན་པ་དེའི་ཐོག་ང་ཚོས་ནང་སེམས་ཀྱི་ཡ་རབས་བཟང་སྤྱོད་དུས་མཉམ་དུ་གོང་འཕེལ་འབྱུང་ཐབས་བྱ་རྒྱུར་བསམ་ཞིབ་གནང་གལ་ཆེ་བའི་སྐོར་བཀའ་གནང་ཡོད་པ་རེད། ༧གོང་ས་མཆོག་ལ་མང་ཚོགས་ཁྲོད་ནས་རྒྱ་གར་དང་རྒྱ་ནག་གཉིས་དབར་གྱི་མ་འོངས་པའི་ཆབ་སྲིད་དང་དཔལ་འབྱོར་ཀྱི་འབྲེལ་ལམ་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས་རྒྱ་ནག་དང་རྒྱ་གར་གཉིས་ཀ་མི་འབོར་ཆེ་ཤོས་དང་ལོ་རྒྱུས་ཀྱི་ཆ་ནས་ཐག་ཉེ་འབྲེལ་ཆགས་ཡིན་པར་བརྟེན་རྒྱལ་ཁབ་སོ་སོའི་ཁེ་ཕན་གྱི་ཆེད་དུ་ཕན་ཚུན་འཆམ་མཐུན་ངང་གནས་དགོས་ཤིང་། དེ་ལྟར་བགྱིས་ན་ཕྱོགས་གཉིས་ཀར་ཕན་ཐོགས་ཡོད་སྐོར་བཀའ་གནང་ཡོད་པ་རེད། ཐེངས་འདིའི་ལྷན་ཚོགས་གོ་སྒྲིག་ཞུ་མཁན་ཏཱཇ་གསོལ་མགྲོན་ཁང་ཡིན་པ་དང་དེ་ཞུ་དགོས་པའི་དམིག་ཡུལ་གཙོ་བོ་ནི་འཛམ་གླིང་འདིའི་ནང་ཞི་བདེ་འཆམ་མཐུན་དང་བདེ་སྐྱིད་བསྐྲུན་རྒྱུ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་བཙོ་བོ་ཞིག་ཡིན་སྟབས། རྒྱ་གར་ནང་གི་གནད་ཡོད་མི་སྣ་དང་གཞུང་ཚབ་ཁང་གི་ལས་བྱེད་སོགས་ཀྱིས་༧གོང་ས་མཆོག་གི་བཀའ་སློབ་ལ་ཐུགས་སྣང་དང་ཐུགས་ཁུར་གནང་མཁན་ཇེ་མང་དུ་འགྲོ་བཞིན་པ་སོགས་ལ་བརྟེན་ནས་ད་རེས་གནས་ཡོད་མི་སྣའི་ལྷན་ཚོགས་འདི་འཛམ་གླིང་སྤྱི་ལ་སྨན་པའི་ཆེད་དུ་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག།