ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོས་སྲིད་འཛིན་ལ་འབོད་སྐུལ།

ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་ནས་ཨ་རིའི་སྲིད་འཛིན་ཇོཇེ་སྦུཤེ་མཆོག་ལ་ཕྱག་བྲིས་ཤིག་ཕུལ་འདུག

2008.08.02

༄༅༎ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ ནེན་སི་པེ་ལོ་སི་མཆོག་ནས་ཨ་རིའི་སྲིད་འཛིན་ཇོཇེ་སྦུཤེ་མཆོག་ལ་ཕྱི་ཟླ་བརྒྱད་པའི་ཚེས་ ༡ ཉིན་ཕྱག་བྲིས་ཤིག་ཕུལ་ཡོད་པ་དེའི་ནང་ རྒྱ་ནག་ཏུ་ཨོ་ལིམ་པིག་ལ་ཆེད་ཕེབས་སྐབས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་གནད་དོན་དེ་དག་ ཐེངས་འདིའི་སྲིད་འཛིན་གྱི་རྒྱ་ནག་གི་འཚམས་གཟིགས་འདིའི་སྐབས་ཀྱི་གནད་དོན་གལ་འགངས་ཆེ་ཤོས་སུ་ངོས་འཛིན་གནང་དགོས་པའི་འབོད་བསྐུལ་ཞུས་གནང་ཡོད་པ་རེད་

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་ཨ་རིའི་སྲིད་འཛིན་ལ་ཕུལ་བའི་ཕྱག་བྲིས་དེའི་ནང་ སྐུ་ཉིད་རྒྱ་ནག་ཏུ་ཕྱི་ལོ་ ༢༠༠༨ ལོའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་དུ་ཕེབས་རྒྱུའི་སྔ་ནུབ་ཏུ་ རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པར་མ་ཟད་ རྒྱ་ནག་གཞུང་གིས་ ཨོ་ལིམ་པིག་གི་གནས་ཚུལ་འབྲི་བཀོད་བྱ་མཁན་གྱི་རྒྱལ་སྤྱིའི་གསར་འགོད་པ་ཚོའི་ཐོག་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་རེད་ཅེས་དང་ ཨོ་ལིམ་པིག་གི་རྩ་འཛིན་ཁྲིམས་ཡིག་ནང་ ཨོ་ལིམ་པིག་གི་དུས་སྟོན་འདི་ནི་ཞི་བདེ་དང་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཐབས་དང་ འགྲོ་བ་མིའི་རིན་ཐང་སྲུང་སྐྱོབ་གོང་འཕེལ་བྱ་རྒྱུའི་ཆེད་ཡིན་པ་གསལ་འཁོད་ཡོད་ན་ཡང་ ཡིད་སྐྱོ་དགོས་པ་ཞིག་ལ་ རྒྱ་ནག་གཞུང་གི་ངོས་ནས་ ཨོ་ལིམ་པིག་གི་རྩ་འཛིན་ཁྲིམས་ཡིག་དེ་དག་ལ་བརྩི་སྲུང་བྱེད་ཀྱི་མེད་པ་འགྲེལ་བརྗོད་གནང་ཡོད་པ་རེད་

ལྷག་པར་དུ་སྲིད་འཛིན་སྦུཤེ་མཆོག་ལ་ཕུལ་བའི་ཕྱག་བྲིས་དེའི་ནང་ རྒྱ་ནག་གཞུང་ལ་ཐོག་མར་ ཨོ་ལིམ་པིག་གི་མགྲོན་བདག་བྱ་རྒྱུའི་ཆེ་མཐོང་སྤྲད་སྐབས་ གསར་འགོད་རང་དབང་དང་ འགྲོ་བ་མིའི་ཐོབ་ཐང་ དེ་བཞིན་རང་བྱུང་ཁོར་ཡུག་གི་གནས་བབས་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་པ་ཁག་ལ་རྒྱ་ནག་རང་ངོས་ནས་ཡང་ནས་ཡང་དུས་ཚབས་ཆེའི་རྡོག་རོལ་བཏང་པར་མ་ཟད་ གཞུང་ཕྱོགས་དང་སྲིད་དོན་གྱི་ལྟ་བ་མི་མཐུན་མཁན་ཚོ་འཛིན་བཟུང་བཙོན་འཇུག་མུ་མཐུད་བྱས་པ་དང་ གསར་འགོད་པ་ཚོའི་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་མུས་ཡིན་པ་གསལ་བཤད་གནང་ཡོད་པ་རེད་

དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ པེ་ལོ་སིའི་ཕྱག་བྲིས་དེའི་ནང་ རྒྱ་ནག་གཞུང་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དབར་གྱི་ཉེ་ཆར་གྱི་གྲོས་མོལ་གྱི་ཐོག་ནས་གྲུབ་འབྲས་གང་ཡང་བྱུང་མེད་པའི་ཁར་ འདི་ལོ་ཕྱི་ཟླ་གསུམ་པའི་ནང་ བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས་ ད་དུང་ཡང་བོད་མི་སྟོང་ཕྲག་མང་པོ་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་མྱོང་བཞིན་ཡོད་པ་དང་ བོད་ཀྱི་དགོན་སྡེ་ཁག་གི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་ཤུགས་ཆེ་རུ་བཏང་སྟེ་ བཙན་དབང་གི་ཐོག་ནས་ བོད་ཀྱི་ནང་པའི་དགེ་འདུན་པ་ཚོར་སོ་སོའི་ཆོས་ལུགས་དང་ དེའི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་དམས་སྐུ་འདེབས་ཤུགས་ཆེ་ཞུ་རུ་འཇུག་གི་ཡོད་པ་གསུངས་ཡོད་པ་རེད་ ཡང་ཕྱག་བྲིས་དེའི་ནང་མུ་མཐུད་ཕྱི་ཟླ་བདུན་པའི་ཚེས་ ༣༠ ཉིན་ ཨ་རིའི་གྲོས་ཚོགས་འོག་མས་གྲོས་ཆོད་ཅིག་བཞག་ཡོད་པ་དེའི་ནང་ རྒྱ་ནག་གཞུང་གིས་བོད་མི་དང་ ཡུ་གུར་མི་རིགས་ཚོའི་ཐོག་དྲག་གནོན་བྱ་རྒྱུ་དང་ འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་བྱ་སྤྱོད་མཚམས་འཇོག་དགོས་པ་དང་ སུའུ་ཌའན་དང་འབར་མའི་གཞུང་ལ་རྒྱབ་སྐྱོར་མཚམས་འཇོག་དགོས་རྒྱུ་སོགས་འཁོད་པ་དང་སྦྲགས་ གྲོས་ཆོད་དེའི་འབྲུ་དོན་ནང་ སྲིད་འཛིན་སྦུཤེ་མཆོག་པེ་ཅིང་དུ་ཕེབས་སྐབས་ འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཐད་ནུས་ཤུགས་ལྡན་པའི་བཀའ་མོལ་གནང་དགོས་རྒྱུ་མ་ཟད་ འཛིན་བཟུང་དོ་དམ་འོག་ཡོད་པའི་ རྒྱ་ནག་གཞུང་དང་སྲིད་དོན་གྱི་ལྟ་བ་མི་མཐུན་མཁན་ཚོའི་ནང་མི་དང་ཐུགས་འཕྲད་གནང་དགོས་རྒྱུ་ཡང་གསལ་འཁོད་ཡོད་པ་རེད་ཅེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎