གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་འདས་པོ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་གསའ་ལ་ཉི་ཧོང་ནང་བྱ་དགའ་མཐོ་ཤོས་ཞིག་ཐོབ་འདུག

དེ་ཡང་སྤྱི་ཟླ་༡༡པའི་ཚེས་༡ཉིན་ཉི་ཧོང་གི་(Tokyo)་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་༣༦པའི་བྱ་དགའ་གསལ་བསྒྲགས་བྱས་པའི་ནང་དུ། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་འདས་པོ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་༼གསའ་འམ་གངས་གཟིགས༽་ལ་(Tokyo Grand Prix prize)་ཞེས་གློག་བརྙན་དུས་སྟོན་དེའི་བྱ་དགའ་ཆེས་མཐོ་ཤོས་དེ་ཐོབ་འདུག
༼གསའ་འམ་གངས་གཟིགས་༽ཞེས་པའི་གློག་བརྙན་འདི་ནི། གསའ་ཞིག་འབྲོག་པའི་ཁྱིམ་ཚང་དུ་འཛུལ་ནས་ལུག་དགུ་བསད་པའི་རྗེས། ཁྱིམ་མི་ཚོས་གསའ་དེ་ཉིད་བསད་མི་བསད་ཀྱི་ཐད་རྩོད་གླེང་བྱས་པའི་ནང་དོན་བརྒྱུད་མི་དང་སྲོག་ཆགས་གཉིས་ཇི་ལྟར་མཉམ་དུ་འཚོ་སྡོད་བྱེད་པའི་སྐོར་གྱི་གཏམ་རྒྱུད་བཤད་ཡོད་པ་དང་། གློག་བརྙན་དེ་གཞན་ཨེ་ཤེ་ཡའི་གློག་བརྙན་དུས་སྟོན་ཆེ་གྲས་གསུམ་གྱི་ནང་བདམས་ཐོན་བྱུང་ཡོད་པ་རེད།
གློག་བརྙན་འདི་ནི་འདི་ལོའི་སྤྱི་ཟླ་༥པའི་ནང་དགུང་ལོ་༥༣་ཐོག་འདས་གྲོངས་སུ་ཕྱིན་པའི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་ཀྱིས་ཕབ་བསྐྲུན་གནང་བའི་གློག་བརྙན་མཐའ་མ་གཉིས་ཀྱི་གྲས་ནས་གཅིག་ཡིན་པ་རེད།
ཁོང་གིས་ད་བར་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་དང་འཚོལ། ཁྱི་རྒན། གཡང་མདའ། ཐར་ལོ་སོགས་གློག་བརྙན་རིགས་༡༤ལྷག་འཁྲབ་ཁྲིད་གནང་སྟེ། བོད་ཕྱི་ནང་གཉིས་ནས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་ཁག་ནས་གཟེངས་རྟགས་ཁག་ཅིག་ཐོབ་མྱོང་བའི་ཁྲོད། ཁོང་གི་གློག་བརྙན་ཐར་ལོ་དང་ཁྱི་རྒན། ལག་དམར། དབུགས་ལྒང་བཅས་ལ་རྒྱལ་སྤྱིའི་ཝི་ནེ་སི་(Venice)་དང་། ཨ་རིའི་(Brooklyn) ཐེ་ཝན་དང་རྒྱ་ནག་གི་གློག་བརྙན་དུས་སྟོན་སོགས་ཀྱི་ཐོག་གཟེངས་རྟགས་བྱ་དགའ་ཐོབ་སྟེ། རྒྱལ་སྤྱིའི་སྟེང་པདྨ་ཚེ་བརྟན་ལགས་ནི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པའི་ཚབ་མཚོན་མི་སྣ་ལྟ་བུར་གྱུར་ཡོད་ལ། ཁོང་གི་གློག་བརྙན་གྲགས་ཅན་ཐར་ལོ་ལ་རྒྱལ་ཁབ་འདྲ་མིན་གྱི་གཟེངས་རྟགས་མི་འདྲ་བ་༡༢ཐོབ་ཡོད་འདུག
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།