བོད་ཀྱི་གློག་བརྙན་ས་མཐའི་ལས་དབང་ཞེས་པ་(Busan)་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནང་གཟིགས་འབུལ་གནང་འདུག

2024.10.04
བོད་ཀྱི་གློག་བརྙན་ས་མཐའི་ལས་དབང་ཞེས་པ་(Busan)་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནང་གཟིགས་འབུལ་གནང་འདུག བོད་ཀྱི་གློག་བརྙན་ས་མཐའི་ལས་དབང་ཞེས་པ་བཟོ་བསྐྲུན་པ་ཚོ་(Busan)རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས།
Ritu Tenzing / Drung Films

དེ་ཡང་ལྷོ་ཀོ་རི་ཡའི་(Busan)་གྲོང་ཁྱེར་དུ་ཟླ་བ་འདིའི་ཕྱི་ཚེས་༢ནས་༡༡བར་ཉིན་གྲངས་བཅུའི་རིང་སྐབས་༢༩པའི་བྷུ་སཱན་(Busan)་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འཚོགས་བཞིན་ཡིན་པ་དང་། ཐེངས་འདིའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བོད་ཀྱི་གློག་བརྙན་ས་མཐའི་ལས་དབང་(State of Statelessness)་ཞེས་པ་འདེམས་ཐོན་བྱུང་ཡོད་པ་མ་ཟད། ཕྱི་ཟླ་༡༠བའི་ཚེས་༣ཉིན་མང་ཚོགས་ལ་གཟིགས་འབུལ་ཐོག་མ་དེ་ཞུ་སྐབས་ཚང་མས་ཧ་ཅང་དོ་སྣང་ཆེན་པོ་དང་དགའ་མོས་གནང་ཐོག་མ་འོངས་པར་ཡང་དེ་ལྟ་བུའི་གློག་བརྙན་བཟོ་དགོས་པའི་བློ་སྟོབས་སྤེལ་མཁན་ཡང་མང་པོ་བྱུང་ཡོད་ལུགས་(Drung)་གློག་བརྙན་བཟོ་བསྐྲུན་ཁང་གི་མཐུན་ཚོགས་ཀྱི་ཚོགས་མི་དང་གློག་བརྙན་བཟོ་བསྐྲུན་པ་བསོད་ནམས་ཚེ་བརྟན་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་འཛམ་གླིང་གི་རྒྱལ་ཁབ་ཁག་༦༣ནས་གློག་བརྙན་མི་འདྲ་བ་༢༧༩མཉམ་ཞུགས་བྱས་པའི་ནང་ནས་འདེམས་སྒྲུག་བྱུང་བའི་གློག་བརྙན་༢༢༤ཡོད་པ་རྣམས་གློག་བརྙན་ཁང་༥༥ནང་མང་ཚོགས་ལ་གཟིགས་འབུལ་ཞུ་བཞིན་ཡོད་འདུག

State of Statelessness.png
བོད་ཀྱི་གློག་བརྙན་ས་མཐའི་ལས་དབང་ནི་གློག་བརྙན་འཁྲབ་ཁྲིད་པ་བསྟན་འཛིན་བསོད་ནམས་ལགས་དང་། རི་ཏུ་སཱ་རིན་ལགས། བསོད་ནམས་ཚེ་བརྟན་ལགས། ཨ་རིར་གནས་སྡོད་གནང་མཁན་བསྟན་འཛིན་ཚེ་བརྟན་ལགས། ཝི་ཏི་ནམ་དུ་གནས་སྡོད་རྒྱལ་ཐང་ཚེ་རིང་བཀྲ་ཤིས་ལགས་བཅས་ཀྱིས་མཉམ་འབྲེལ་ཐོག་ཕྱོགས་སྒྲིག་གནང་བའི་གློག་བརྙན་ཞིག་ཡིན་འདུག་ལ། གློག་བརྙན་དེའི་ནང་རྒྱ་གར་དང་། ཨ་རི། ཝི་ཏི་ནམ་བཅས་སུ་གནས་པའི་རྒྱལ་ཁབ་མེད་པའི་བོད་མིའི་གནས་བབ་དང་གནས་སྤོ་བྱེད་དགོས་པའི་གནད་དོན་འཚོལ་ཞིབ་ཞིབ་ཚགས་བྱས་ཏེ། འཛམ་གླིང་ནང་སྐྱབས་བཅོལ་བའི་གནས་སྟངས་འོག་རང་ཡུལ་མེད་པར་ཁ་འཐོར་དུ་གནས་པའི་བོད་མིའི་གནས་སྟངས་མཚོན་པར་བྱས་པའི་སྒྲུང་ཁག་བཞི་ཡོད་འདུག
ལས་གཞི་འདིའི་ཐོག་བོད་པའི་གློག་བརྙན་བཟོ་མཁན་ཁག་ཅིག་དང་མཉམ་ལས་གནང་བ་དེ་གལ་གནད་ཆེན་པོ་བྱུང་བ་དང་། རྒྱལ་སྤྱིའི་ལྡིང་ཆའི་ཐོག་བོད་དང་བོད་མིའི་སྐོར་གྱི་གློག་བརྙན་སྟོན་ཐུབ་པ་དེས་བོད་དོན་དྲིལ་བསྒྲགས་ལ་ཡང་ཕན་ཐོག་ཡོད་པ་བསོད་ནམས་ཚེ་བརྟན་ལགས་ཀྱིས་གསུངས་བྱུང་། ས་མཐའི་ལས་དབང་ཞེས་པའི་བོད་ཀྱི་གློག་བརྙན་དེ་བཞིན་ཚེས་༦དང་༡༠ཉིན་བསྐྱར་དུ་མང་ཚོགས་ལ་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག
གློག་བརྙན་དེ་བཞིན་རིང་མིན་ཕྱི་ཟླ་༡༡་ནང་བཞུགས་སྒར་རྡ་རམ་ས་ལར་རྡ་རམ་ས་ལའི་གློག་བརྙན་དུས་སྟོན་སྐབས་གཟིགས་འབུལ་ཞུ་འཆར་དང་། དེ་ནས་ཨ་རི་དང་། ཧྥ་རན་སི། ནོར་ཝེ། ཧོང་ཀོང་། ཐེ་ཝན་སོགས་སུའང་གཟིགས་འབུལ་ཞུ་འཆར་འདུག


གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎