ཕཱི་ལི་པིན་ཡུལ་མི་ཁག་ཅིག་གིས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།
2008.04.30
༄༅༎ཕཱི་ལི་པིན་གྱི་ཡུལ་མི་བཅུ་ཕྲག་འགའ་ཤས་ཀྱིས་ཕཱི་ལི་པིན་གྱི་རྒྱལ་ས་མཱ་ནི་ལའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་ རྒྱ་ནག་གཞུང་གིས་མི་མང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་མིི་བྱེད་པའི་གནད་དོན་ལ་དེ་རིང་ངོ་རྒོལ་གནང་ཡོད་འདུག
ངོ་རྒོལ་གྱི་ལས་འགུལ་དེ་ནི་ཕཱི་ལི་པིན་ནང་གི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་སྡེ་ཚན་གྱིས་གོ་སྒྲིག་གནང་བ་ཞིན་ཡིིན་པ་དང་ དེ་ཡང་ངོ་རྒོལ་གནང་མཁན་ཚོས་ཨོ་ལིམ་ཕིག་གི་དཔལ་འབར་གྱི་འདྲ་གཟུགས་ཤིག་འཁྱེར་བཞིན་ རྒྱ་ནག་གཞུང་ཚབ་ཀྱི་བར་རྔམ་སྟོན་ཁྲོམ་བསྐོར་གནང་ཡོད་པ་དང་ ལས་འགུལ་འགོ་འཁྲིད་གནང་མཁན་ ཨ་རོ་རྭ་པ་རོང་ ཞུ་བས་ རྒྱ་ནག་གཞུང་གིས་བཙོན་པར་སྲོག་ཐོག་གི་ཉེས་ཆད་དང་ དེ་བཞིན་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ལ་དྲག་གནོན་དང་ ཨིན་ཊར་དྲ་རྒྱའི་གནས་ཚུལ་ཁྱབ་སྤེལ་ལ་དམ་བསྒྲགས་བྱེད་བཞིན་པའི་གནད་དོན་བཅས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཞུ་ཡི་ཡོད་ཅེས་དང་ ང་ཚོས་རྒྱ་ནག་གཞུང་ལ་ཨོ་ལིམ་ཕིག་རྩེད་འགྲན་གོ་སྒྲིག་གི་ལེགས་སྐྱེས་སུ་འགྲོ་བ་མིའི་ཐོབ་ཐང་ལ་ཚུལ་མཐུན་གྱི་བརྩི་སྲུང་བྱ་མཁན་གྱི་
སྲིད་གཞུང་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་དེ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད་ འདི་ལོ་རྒྱ་ནག་ལ་ཚུགས་རྒྱུའི་ཨོ་ལིམ་ཕིག་གི་དཔལ་འབར་ རྒྱལ་སྤྱིའི་ཡུལ་ཁག་ དཔེར་ན་ ཨ་རི་དང་ དབྱིན་ཡུལ་ ཕཱ་རེན་སི་ ཨོསོ་ཀྲོ་ལི་ཡ་ རྒྱ་གར་དང་ཉི་ཧོང་བཅས་ཀྱི་ནང་བསྐོར་བསྐྱོད་སྐབས་ རྒྱ་ནག་གཞུང་གིས་བོད་ནང་བོད་མིར་དྲག་གནོན་གཏོང་བཞིན་པའི་གནད་དོན་ལ་ངོ་རྒོལ་ཤུགས་ཆེ་བྱུང་བ་ལྟར་ རྒྱ་ནག་གཞུང་ལ་ད་བར་ངོ་རྒོལ་བྱུང་མྱོང་མེད་པའི་ཡུལ་གྲུ་ཨིན་ཌོ་ནེ་ཤི་ཡ་དང་ ད་ཆ་ཕཱི་ལིན་པིན་བཅས་ཀྱི་ནང་ལའང་ རྒྱ་ནག་གཞུང་ལ་ངོ་རྒོལ་གནང་འགོ་ཚུགས་ཡོད་པ་རེད་