ཕི་ལི་པིན་གྱི་གྲུ་གཟིངས་ལ་འཇིགས་སྐུལ་བྱུང་བའི་སྐོར།
2011.03.04
༄༅༎དེ་རིང་ཕི་ལི་པིན་གྱི་སྲིད་འཛིན་གྱིས་གསུང་པར། རྒྱ་ནག་དང་ཕི་ལི་པིན་དབར་བདག་དབང་གི་རྩོད་གཞི་ཡོད་པའི་ལྷོ་རྒྱ་ནག་གི་རྒྱ་མཚོའི་ཐོག་ཁོང་ཚོ་ཕི་ལི་པིན་གྱི་རྟོག་ཞིབ་གྲུ་གཟིངས་ཐོག་ལ་རྒྱ་ནག་གི་མྱུལ་ཞིབ་གྲུ་གཟིངས་གཉིས་ཀྱིས་འཇིགས་སྐུལ་བྱས་པའི་བྱ་སྤྱོད་ཞུ་གཏུགས་བྱས་པའི་སྐོར་གསུང་ཡོད་པ་རེད།
དེ་ཡང་དོན་རྐྱེན་དེ་ནི་རེས་གཟའ་ལྷག་པའི་ཉིན་ཕི་ལི་པིན་གྱི་རྟོག་ཞིབ་གྲུ་གཟིངས་ཤིག་ལྷོ་རྒྱ་ནག་གི་རྒྱ་མཚོའི་རིདྲ་སྦེང་ཞེས་པའི་མཚོ་ངོགས་སུ་ས་ཁམས་ཚོད་ལྟ་བྱེད་པའི་སྐབས་བྱུང་བ་ཡིན་ཞིང༌། ལྷོ་རྒྱ་ནག་གི་རྒྱ་མཚོའི་ཐོག་ཡོད་པའི་ས་ཆ་དེ་ནི་རྒྱ་ནག་གི་ཕྱོགས་ནས་བདག་དབང་ཡོད་པའི་རྩོད་ལེན་བྱེད་ཡུལ་དེ་ཡིན་པ་རེད།
ཕི་ལི་པིན་གྱི་སྲིད་འཛིན་སྦེ་ནིག་ནོ་ཨ་ཁི་ནོ་ཡིས་དེ་རིང་ཕི་ལི་པིན་གྱི་དབུས་ཀྱི་གྲོང་ཁྱེར་སྦ་ཀོ་ལོདྲ་ནང་གསར་འགོད་པར། ཁོང་གི་གཞུང་ཕྱོགས་ནས་རྒྱ་ནག་གི་གྲུ་གཟིངས་ཀྱི་བྱ་སྤྱོད་ཁ་གཏད་ཀྱི་ཞུ་གཏུགས་བྱས་ཟིན་པ་ཡིན་ལ་ཆེད་ལས་མཁས་པ་ཁག་ཅིག་གནད་དོན་དེའི་ཐད་བཀའ་བསྡུར་གནང་བར་རྒྱ་ནག་ཏུ་ཆེད་གཏོང་བྱས་ཟིན་པའི་སྐོར་གསུང་ཡོད་པ་མ་ཟད། ད་དུང་ཁོང་གིས་རྟོག་ཞིབ་གྲུ་གཟིངས་དེར་རམ་འདེགས་བྱ་རྒྱུ་དང༌། སྲུང་སྐྱོབ་བྱ་རྒྱུར་མཚོ་ཁ་སྲུང་སྐྱོབ་གྲུ་འཛིངས་དོན་རྐྱེན་བྱུང་ཡུལ་དུ་ཆེད་གཏོང་བྱས་ཟིན་པ་ཡིན་པས། སྲུང་སྐྱོབ་གྲུ་འཛིངས་དེར་རྟོག་ཞིབ་གྲུ་གཟིངས་དེའི་འགན་སྲུང་ཆ་ཚང་བྱེད་ཆོག་པའི་ཐོབ་ཐང་ཡོད་པ་མ་ཟད། ལས་དོན་དེ་ཆ་ཚང་གཙང་མ་དང་མཇུག་སྒྲིལ་བྱ་རྒྱུར་གཞུང་གི་བཀའ་འཁྲོལ་ཡང་ཡོད་པའི་སྐོར་གསུང་ཡོད་པ་རེད། དེ་བཞིན་ལྷོ་ཕྱོགས་ཕི་ལི་པིན་གྱི་དམག་སྤྱི་ཧུའན་ཅོ་ས་སྦན་ཞུ་བས། ཁོང་ཚོའི་རྟོག་ཞིབ་གྲུ་གཟིངས་དེ་ནི་ཁོང་ཚོའི་ས་ཁོངས་ནང་དུ་ཡོད་ཀྱང་རྒྱ་ནག་གི་གྲུ་གཟིངས་ཀྱིས་མཐའ་སྐོར་བ་དང༌། འཇིགས་སྐུལ་བྱས་པར་སོང་ཁོང་ཚོར་རོགས་རམ་དགོས་པའི་རེ་འདུན་བྱས་པའི་རྗེས། རོགས་སྐྱོར་གྲུ་འཛིངས་དང་གནམ་གྲུ་ཆེད་གཏོང་བྱས་ལུགས་དང༌། ཕི་ལི་པིན་གྱི་གཞུང་གི་གནས་ཚུལ་ཐོན་ཁུངས་ཤིག་གིས་རོའུ་ཀྲར་གསར་འགྱུར་ལས་ཁང་ལ། ཕི་ལི་པིན་གྱི་གྲུ་གཟིངས་དེ་ནི་སྒེར་གྱི་ཚོང་ལས་རུ་ཁག་ཞིག་གིས་དེའི་ཁུལ་དུ་ས་ཁམས་ཞིབ་འཇུག་གི་ལས་དོན་གཉེར་བའི་སྐབས་དོན་རྐྱེན་དེ་བྱུང་ཡོད་པ་གསུང་ཡོད་པ་རེད།