ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གི་རྩོད་གཞིའི་སྐོར།
2011.06.17
༄༅༎ཉེ་ཆར་རྒྱ་ནག་དང་ལྦིཏ་ནམ་ ཕི་ལི་པིན་སི་དབར་ལ་ལྷོ་རྒྱ་ནག་གི་རྒྱ་མཚོའི་བདག་དབང་གི་རྩོད་གཞི་ཆེ་རུ་ཕྱིན་ཡོད་པར་བརྟེན། ཕི་ལི་པིན་སི་ཡི་གཞུང་གིས་རྩོད་གཞི་ཅན་གྱི་རྒྱ་མཚོའི་ཐོག་ཁོང་ཚོའི་མཚོ་དམག་གྲུ་གཟིངས་ཆེད་གཏོང་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།
ཡིན་ནའང་ཕི་ལི་པིན་སི་ཡི་སྲུང་སྐྱོབ་ལས་ཁང་གི་མགྲིན་ཚབ་པས་གསར་འགོད་པར། ཁོང་ཚོའི་མཚོ་དམག་གྲུ་གཟིངས་འགྲེམས་འཇོག་བྱ་རྒྱུ་དེ་ནི་རྒྱུན་ལྡན་གྱི་བྱེད་སྒོ་ཞིག་ཡིན་པ་ནན་བརྗོད་བྱས་པ་ལས་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱོགས་ནས། རྩོད་གཞི་ཅན་གྱི་རྒྱ་མཚོ་དེའི་ཐོག་རྒྱ་ནག་གི་མྱུལ་ཞིབ་གྲུ་གཟིངས་འགྲེམས་འཇོག་བྱ་རྒྱུའི་གསལ་བསྒྲགས་བྱས་པའི་གནད་དོན་དང་འབྲེལ་བ་མེད་ལ། ང་ཚོ་རྒྱལ་ཁབ་གཉིས་པོས་བདག་དབང་རྩོད་ལེན་བྱེད་ཡུལ་རྒྱ་མཚོའི་ཐོག་རྒྱ་ནག་གི་གྲུ་གཟིངས་འབྱོར་ཡོད་པའི་གནས་ཚུལ་གང་ཡང་ཤེས་རྟོགས་མ་བྱུང་ཞེས་གསུང་ཡོད་པ་རེད།
འོན་ཀྱང་ཁོང་གིས། ཁོང་ཚོའི་མཚོ་དམག་གྲུ་གཟིངས་དུས་ཚོད་ག་དུས་ལ་འགྲེམས་འཇོག་བྱ་རྒྱུ་ཡིན་མིན་དང་གྲུ་གཟིངས་ཁ་ཕྱོགས་གང་དུ་བསྐྱོད་རྒྱུ་ཡིན་མིན་གྱི་གནས་ཚུལ་ཞིབ་ཕྲ་འགྲེལ་བརྗོད་གནང་མེད་པ་རེད། གཏེར་གྱིས་ཕྱུག་པའི་ལྷོ་རྒྱ་ནག་གི་རྒྱ་མཚོའི་བདག་དབང་རྩོད་ལེན་གྱི་བྱེད་མཁན་ནི་རྒྱ་ནག་དང་ཐེ་དབན། ལྦིཏ་ནམ། མ་ལེ་ཤི་ཡ། སྦུརུ་ནའེ་མཉམ་དུ་ཕི་ལི་པིན་སི་ཡིས་རྩོད་ལེན་བྱེད་ཀྱི་ཡོད་ཅིང༌། རྒྱལ་ཁབ་དེ་དག་དབར་ལ་རྒྱ་མཚོ་དེའི་བདག་དབང་གི་ཐོག་ལ་དུས་ཡུན་རིང་པོ་ནས་རྩོད་གཞི་ཡོད་པའི་ཁར།ཉེ་ཆར་ནས་རྒྱ་ནག་དང་ཕི་ལི་པིན་སི། ལྦིཏ་ནམ་གསུམ་གྱིས་བདག་དབང་རྩོད་ལེན་གྱི་རྣོ་ངར་ཤུགས་ཆེ་རུ་ཕྱིན་ཏེ་ གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པ་རེད། དེ་ནི་ཕི་ལི་པིན་ཡིས་ཟླ་བ་འདིའི་ནང་རྒྱ་ནག་གཞུང་གིས་རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་གི་རྒྱ་མཚོའི་ཐོག་ཏུ་ཡོད་པའི་གླིང་ཕྲན་གྱི་མཐའ་འཁོར་དུ་མཚོ་དམག་གྲུ་གཟིངས་འགྲེམས་འཇོག་བྱས་པའི་སྐྱོན་བརྗོད་བྱེད་པ་དང༌། ད་དུང་ཡང་རྒྱ་ནག་གི་ཕྱོགས་ནས་མཚོ་ཁའི་ཐོག་ས་ཐིག་གི་རྟགས་བཙུགས་པ་མ་ཟད། ཕི་ལི་པིན་ཡི་ཉ་པའི་ཐོག་མེ་འཕེན་བྱས་པ་། ཕི་ལི་པིན་ཡི་རྡོ་སྣུམ་བསྔོག་འདོན་བྱེད་པའི་གྲུ་གཟིངས་ལ་རྒྱ་ནག་གི་མྱུལ་ཞིབ་གྲུ་གཟིངས་ཀྱིས་བརྙས་བཅོས་བྱས་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།