བོད་མདོ་སྨད་མཚོ་སྔོན་དུ་ནད་ཡམས་ཀྱིས་མི་གཉིས་འདས་གྲོངས།

མདོ་སྨད་མཚོ་སྔོན་གྱི་རྩེ་ཀོར་ཐང་དུ་འགོས་ནད་ཕོག་མི་གཉིས་འདས་གྲོངས་སུ་ཕྱིན་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག

2009.08.03

༄༅༎མདོ་སྨད་མཚོ་སྔོན་གྱི་རྩེ་ཀོར་ཐང་དུ་འགོས་ནད་ཕོག་མི་གཉིས་འདས་གྲོངས་སུ་ཕྱིན་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་ཕྱི་ཚེས་གསུམ་ཉིན་གནས་ཚུལ་སྤེལ་འདུག

རྒྱ་ནག་ནང་ཡོད་པའི་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་གཞུང་ལས་ཁང་གིས་གསུང་བར་གཞིགས་ན་རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གི་འབྲེལ་ཡོད་མི་སྣ་དང་འབྲེལ་བ་ཞུས་ནས་ནད་རིམས་བཅོས་ཐབས་དང་འབྲེལ་ནད་རིམས་ཕོག་མི་ཚོ་འོས་འཚམས་ཀྱིས་ཟུར་འཇོག་ཁྱབ་འགོག་གི་ལས་དོན་སྤེལ་བཞིན་པའི་སྐོར་གསུང་བཞག

ཕྱི་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཞིན་ཇེ་ངམ་རྩེ་ཀོར་ཐང་དུ་གློ་ཚད་ལྟ་བུའི་འགོས་ནད་ཕོག་མི་མི་གྲངས་བཅུ་གཉིས་ཤེས་རྟོགས་བྱུང་བའི་ནང་མི་གྲངས་གཉིས་འདས་གྲོངས་སུ་ཕྱིན་ཡོད་པ་དང་གཅིག་རང་ལོ་སུམ་ཅུ་སོ་གཉིས་ཡིན་པའི་འབྲོག་པ་ཞིག་ཡིན་ཚུལ་དང་གཞན་དེ་རང་ལོ་སུམ་ཅུ་སོ་བདུན་ལ་སླེབས་པའི་བསྟན་འཛིན་ཟེར་བ་ཞིག་ཡིན་པ་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་བཀོད་ཡོད་པ་དང་ཡིན་ནའི་ས་གནས་ནས་འདི་གར་བརྗོད་དོན་ལྟར་ན་ཉེ་སྔོན་རྩེ་ཀོར་ཐང་དུ་བྱུང་བའི་འགོས་ནད་དེ་རིགས་ཕོག་ནས་ད་བར་མི་གྲངས་བཞི་འདས་གྲོངས་སུ་ཕྱིན་ཚུལ་དང་ནད་གཞི་ཕོག་མི་མི་གྲངས་བརྒྱད་ཡོད་པ་རྣམས་ཟི་ལིང་ནས་སྨན་པ་ཡོང་ཏེ་སྨན་བཅོས་བྱེད་བཞིན་པའི་སྐོར་འགྲེལ་བརྗོད་བྱས་འདུག ས་གནས་དེའི་ནང་བཟའ་ཆས་ཚོང་མཁན་རུས་མིང་ཧན་ཟེར་བ་ཞིག་གིས་ཨེ་པིའི་གསར་འགྱུར་བརྒྱུད་ལམ་གྱི་གསར་འགོད་པར་བརྗོད་དོན་ལྟར་ན་ས་གནས་གཞུང་གིས་ས་གནས་དེའི་ནང་གི་ཁང་པ་དང་ཚོང་ཁང་སོགས་ཚང་མར་དུག་སེལ་བྱེད་དགོས་པ་མ་ཟད་ས་གསན་མི་མང་ཚོར་ཕྱི་ལ་བསྐྱོད་པའི་སྐབས་ཁ་རས་རྒྱབ་དགོས་པ་བརྗོད་ཀྱི་ཡོད་པ་དང་ས་གནས་དེའི་ནང་གི་ཚོང་ཁང་བརྒྱ་ཆ་བརྒྱད་ཅུ་ལྷག་ཙམ་སྒོ་རྒྱབ་ཡོད་པས་ས་གནས་མི་མང་གི་རྒྱུན་ལྡན་འཚོ་བར་དོ་ཕོག་ཆེན་པོ་དང་མི་ཚང་མ་དངངས་སྐྲག་ནང་གནས་ཡོད་ཚུལ་བརྗོད་འདུག གོང་ཞུས་གློ་ཚད་རིམས་ནད་དེ་ནི་ནད་འབུ་ཕྲ་མོ་མཁའ་རླུང་བརྒྱུད་ཁྱབ་སྟེ་འགོས་སླ་བའི་ནད་རིམས་ཤིག་ཡིན་པ་དང་ཁ་དབུགས་བརྒྱུད་མགྱོགས་པོར་འགོ་སླ་བ་དང་གློ་ཚད་རིགས་འདྲ་མིན་ཡོད་པའི་ནང་ནད་རིམས་དེའི་ཐོག་མའི་ནད་རྟགས་ནི་ཚ་བ་འབར་བ་དང་ཐང་ཆད་པ།སྐྱུག་པ་དང་བཤལ་བ།མགོ་དང་རྐང་ལག་ན་བ།རིག་པ་མི་གསལ་བ་བཅས་ཀྱི་ནད་རྟགས་ཐོན་གྱི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎