རྒྱ་ནག་ནང་ཞིང་པས་རྒྱ་གཞུང་ལ་ངོ་རྒོལ་འདུ་འཛོམས་བྱས་སྐོར།
2008.10.09
༄༅༎རྒྱ་ནག་ནང་དབུལ་ཞིང་ཕོངས་པའི་ཞིང་པ་བརྒྱ་ཕྲག་མང་པོས་རྒྱ་གཞུང་ལ་ཞུ་གཏུགས་ཀྱི་ངོ་རྒོལ་འདུ་འཛོམས་བྱེད་སྐབས་བདེ་འཇགས་མི་སྣས་ཞིང་པ་ཚོར་ཉེས་རྡུང་དྲག་པོ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་ཚོགས་པ་དེས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་ཁ་ས་ཚེས་བརྒྱད་ཉིན་རྒྱ་ནག་གི་ཀོང་ཏུང་ཞིང་ཆེན་གྱི་སན་ཅང་གྲོང་ཁྱེར་ནང་མངའ་ཁུལ་གྱི་ཞིང་པ་བརྒྱ་ཕྲག་མང་པོས་ཁྲོམ་གཞུང་ཐོག་འདུ་འཛོམས་ཀྱི་གཞུང་ལམ་བཀག་འགོག་གི་ལས་འགུལ་སྤེལ་ཡོད་པ་རེད་ སྐབས་དེར་མིག་མཐོང་ལན་ཟིན་བྱུང་བའི་མི་སྣ་ཁག་ནས་གནས་ཚུལ་མཁོ་སྤྲོད་བྱས་པར་གཞིགས་ན་ཞིང་པ་ཚོས་ངོ་རྒོལ་གྱི་ལས་འགུལ་འགོག་ཐབས་སླད་ས་གནས་ཀྱི་ཉེན་རྟོག་མི་སྣ་དང་དམག་མི་དེ་བཞིན་དྲག་ཆས་དམག་མི་བཅས་ཁྱོན་དམག་མི་གྲངས་ལྔ་བརྒྱ་སྐོར་ཞིག་ནས་ཁྲོམ་གཞུང་སྟེང་ངོ་རྒོལ་བའི་ཁྲོད་ཉེས་རྡུང་བཏང་སྟེ་ཞིང་པ་མང་པོར་རྨས་སྐྱོན་བཏང་པ་དང་འགའ་ཞིག་དྲན་མེད་དུ་གྱུར་པ་གཞན་ཞིང་པ་མང་པོ་དོ་དམ་འཛིན་བཟུང་བྱས་ཡོད་འདུག ཀོང་ཏུང་ཞིང་ཆེན་ནང་ཉེ་སྔོན་མཚོ་རླུང་དྲག་ཆར་ལ་རྐྱེན་པས་ཁུལ་དེའི་ཧྲན་ལེ་གྲོང་གསེབ་ནང་ཡོད་པའི་ཆུ་རགས་གཏོར་བཤིག་ཏུ་སོང་ཡོད་པ་དང་ཆུའི་རྦ་རླབས་དེས་ཞིང་པ་ཚོའི་ས་ཞིང་དང་ཆུ་རྫིང་ལ་སོགས་པའི་རྒྱུན་ལྡན་གྱི་འཚོ་རྟེན་མེད་པ་ཆགས་ཡོད་པ་རེད་ ད་རེས་ཀོང་ཏུང་ཞིང་ཆེན་ཁུལ་གྱི་ཞིང་པ་ཚོས་ས་གནས་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་དོན་ནི་མཚོ་རླུང་དྲག་འཆར་གྱི་ཤུགས་རྐྱེན་འོག་ཧྲན་ལེ་གྲོང་གསེབ་ནང་ཡོད་པའི་ཆུ་རགས་གཏོར་བཤིག་ཏུ་སོང་བའི་རྒྱུ་རྐྱེན་དེ་ས་གནས་ལས་བྱེད་པ་ཚོས་ཆུ་རགས་ཀྱི་གཡས་གཡོན་དུ་ཡོད་པའི་རྩྭ་ཤིང་བཅད་གཏུབ་བྱས་སྟེ་ཚོང་འགྲེམས་བྱས་པའི་དབང་གིས་ཆུ་རགས་ཀྱི་རྨང་གཞི་སྲ་བརྟན་མེད་པར་གཏོར་བཤིག་སོང་བའི་རྒྱུ་མཚན་དང་ཆབས་ཅིག་ས་གནས་གཞུང་ནས་ཞིང་པ་ཚོར་རོགས་སྐྱོབས་ཀྱི་གུན་གསབ་གང་ཡང་སྤྲད་མེད་པའི་གནད་དོན་ལ་ཐུག་གི་ཡོད་འདུག