ས་ཁང་བདག་དབང་རྩོད་རྙོག་འོག་རྒྱ་མི་དགུ་འཛིན་བཟུང༌།

རྒྱ་ནག་ནང་ས་ཁང་བདག་དབང་གི་རྩོད་གཞིའི་ཐོག་ནས་དྲག་པོའི་ཟིང་ཆའི་དོན་རྐྱེན་བྱུང་བ་དེ་དང་འབྲེལ་བ་ཡོད་པའི་མི་དགུ་འཛིན་བཟུང་།

2010.01.24

༄༅༎ཉེ་ཆར་རྒྱ་ནག་ནང་མི་དམངས་དང་ཉེན་རྟོག་པའི་བར་ལ་ས་ཁང་བདག་དབང་གི་རྩོད་གཞིའི་ཐོག་ནས་དྲག་པོའི་ཟིང་ཆའི་དོན་རྐྱེན་བྱུང་བ་དེ་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་ཀྱིས་རྒྱ་མི་རིགས་དགུ་འཛིན་བཟུང་བྱས་པ་དང། ད་དུང་དྲག་པོའི་ཟིང་ཆའི་དོན་རྐྱེན་དེ་སློང་མཁན་གྱི་བྱེད་ལྟེ་འཛིན་བཟུང་བྱ་དགོས་པའི་ཁྱབ་བསྒྲགས་བྱས་ཡོད་པའི་སྐོར་དེ་རིང་ས་གནས་དཔོན་རིགས་ནས་བཤད་ཡོད་པ་ཕེ་རན་སི་གསར་འགྱུར་ལས་ཁང་གིས་ལུང་འདྲེན་བྱས་ཡོད་པ་རེད།

གཟའ་འཁོར་སྔོན་གྱི་རེས་གཟའ་མིག་དམར་ཉིན་རྒྱ་ནག་གི་ལྷོ་ཕྱོགས་ཀོང་ཏུང་ཞིང་ཆེན་གྱི་དབྱང་ཧྲན་ས་གནས་ནང་དུ་མི་དམངས་ཚོས་རང་ཉིད་ཀྱི་ས་ཁང་གི་བདག་དབང་གཞུང་གིས་བཙན་འཕྲོག་བྱེད་པའི་འཇིགས་སྣང་གིས་གྲོང་གསེབ་པ་༤༠ཞེ་གྲངས་དང། ཉེན་རྟོག་པ་༡༠༠ ལྷག་བར་དྲག་པོའི་གདོང་ཐུག་བྱུང་སྟེ། སྐབས་དེར་མི་༡༠ལྷག་རྨས་སྐྱོན་ཕོག་པ་དང། མོ་ཊ་ཁག་ཅིག་ལག་པར་ལེན་རྒྱུ་མེད་པའི་གཏོར་སྐྱོན་ཚབས་ཆེ་བཏང་ཡོད་པ་རེད། རྒྱ་ནག་གཞུང་གི་གསར་ཤོག་ཐོག་ལ། ད་རེས་ཀྱི་དོན་རྐྱེན་དེ་ནི་ས་ཁང་བདག་དབང་གི་དོན་རྐྱེན་ཐོག་ནས་ཉེ་བའི་ཆར་འཕྲད་པའི་དྲག་པོའི་ཟིང་ཆའི་དོན་རྐྱེན་ཆེ་བ་ཞིག་ཡིན་པ་ངོས་འཛིན་བྱས་ཡོད་པ་མ་ཟད། ཉེན་རྟོག་པས་ཟིང་ཆའི་དོན་རྐྱེན་དེའི་གནས་ཚུལ་འདྲི་རྩད་བྱ་རྒྱུའི་ཆེད་དུ་མི་དགུ་འཛིན་བཟུང་བྱས་ཡོད་པ་མ་ཟད། ཧུའང་ཆིའུ་ཧྲེང་ཟེར་བ་མི་དེ། ཟིང་ཆའི་དོན་རྐྱེན་སློང་མཁན་གྱི་བྱེད་ལྟེ་གཙོ་བོ་ཡིན་པའི་དོགས་གཞིའི་འོག་འཛིན་བཟུང་བྱ་དགོས་པའི་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་བཀོད་ཡོད་པ་རེད། དྲག་པོའི་ཟིང་ཆའི་དོན་རྐྱེན་དེ་འབྱུང་རིམ་སྐོར་རྒྱ་ནག་གཞུང་ཕྱོགས་ནས་འགྲེལ་བརྗོད་བྱས་པར་གཞིགས་ན། ཀོང་ཏུང་ཞིང་ཆེན་གྱི་ཏོང་རུ་ གྲོང་གསེབ་ས་ནང་དུ་གནས་སྡོད་བྱེད་མཁན་ཧུའང་ཟེར་བའི་མི་དེས་ཁྲིམས་འགལ་གྱི་ཐོག་ནས་ལག་འབོམ་བཟོ་སྐྲུན་བྱེད་ཀྱི་ཡོད་པའི་དོགས་གཞི་ཡོད་པ་ཞིག་ཡིན་པ་དང། མི་དེའི་སྡོད་ཁྱིམ་གཞུང་གིས་རྩ་གཏོར་གཏོང་རྒྱུ་འམ་གཞུང་བཞེས་གཏོང་རྒྱུར་རྩིས་སྤྲོད་མ་བྱས་པར་བརྟེན་ཉེན་རྟོག་པ་ཧུའང་འཛིན་བཟུང་བྱེད་དུ་བསྐྱོད་ཡོད་པ་ཞིག་ཡིན་ཚུལ་ཤོད་ཀྱི་ཡོད་པ་རེད། དེ་རིང་སྔ་དྲོ་ཡང་རྒྱ་ནག་གི་ཀོང་ཤི་ཞིང་ཆེན་ནང་དུ་གཞུང་གིས་མི་དམངས་ཀྱི་ས་ཁང་གི་བདག་དབང་བཙན་འཕྲོག་བྱེད་པར་ངོ་རྒོལ་བྱེད་མཁན་ཐོག་ཉེན་རྟོག་པས་མེ་འཕེན་གྱིས་ངོ་རྒོལ་བྱེད་མཁན་མི་ལྔ་དང། ཉེན་རྟོག་པ་༡༡་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང། ད་དུང་རྒྱ་ནག་གི་ཤར་ཕྱོགས་ཅིང་སུ་ཞིང་ཆེན་ནང་དུའང་གཞུང་གིས་ཞིང་པའི་ས་ཞིང་བཙན་འཕྲོག་བྱས་པའི་གནད་དོན་ཐོག་ནས་ཞིང་པ་དང་ཉེན་རྟོག་པའི་བར་དྲག་པོའི་གདོང་ཐུག་བྱུང་སྟེ། ཞིང་པ་མི་གཅིག་བསད་པ་དང། མི་མང་པོ་ཞིག་རྨས་སྐྱོན་འཕོག་པའི་སྐོར་ས་གནས་མི་དམངས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎