ཨོ་ལིམ་པིག་སྐབས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱས་མེད་སྐོར།
2008.08.26
༄༅༎པེ་ཅིང་དུ་འཛམ་གླིང་གི་ཨོ་ལིམ་པིག་ཚུགས་པའི་སྐབས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་མ་གནང་བར་ ཨ་མི་རི་ཀ་ཐུགས་ཕམ་བྱུང་བའི་གཏམ་བཤད་གནང་བར་རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་ཨ་མི་རི་ཀར་སྐྱོན་བརྗོད་ལན་འདེབས་བྱས་པའི་གནས་ཚུལ་ཐོན་འདུག
རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་སྲིད་འཛིན་ལས་ཁང་གི་མགྲིན་ཚབ་པ་ ཊོ་ནི་ཕེ་རེ་ཊོ་ ཡིས་བོད་ཀྱི་གནད་དོན་ཐོག་ངོ་རྒོལ་ལས་འགུལ་སྤེལ་མཁན་ཨ་མི་རི་ཀའི་མི་སེར་བརྒྱད་འཛིན་བཟུང་དམ་བསྒྲགས་བྱས་པ་དེས་ རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་བཟང་ཕྱོགས་ཀྱི་རྣམ་འགྱུར་བསྟན་རྒྱུའི་གོ་སྐབས་ཆེན་པོ་དེ་ཤོར་བའི་སྐྱོན་བརྗོད་གནང་ཡོད་པ་རེད་ དེ་རིང་རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ ཆིན་ཀང་ གིས་ལན་འདེབས་ནང་ ཨ་མི་རི་ཀས་རྒྱ་ནག་ཐོག་འདོད་པ་མ་ཁེངས་པའི་སྐྱོན་བརྗོད་གནང་བ་བློ་ཕམ་ཡོད་པ་དང་ འཛམ་གླིང་ཨོ་ལིམ་པིག་རྩེད་འགྲན་སྐབས་ཕྱི་རྒྱལ་གྱི་མི་རིགས་ཁ་ཤས་ཀྱིས་བོད་ཀྱི་རང་བཙན་གྱི་ལས་འགུལ་སྤེལ་བ་དེ་རྒྱ་ནག་གི་ཁྲིམས་དང་སྒྲིག་གཞི་འགལ་བའི་ལས་ཀ་ཡིན་པ་དང་ ཨ་མི་རི་ཀའི་ངོས་ནས་སོ་སོའི་མི་སེར་རྣམས་ལ་རྒྱལ་ཁབ་གཞན་གྱི་ཁྲིམས་དང་སྒྲིག་གཞི་བརྩི་སྲུང་བྱེད་དགོས་པའི་ལམ་སྟོན་གནང་དགོས་པ་དང་ རྒྱ་ནག་གི་ངོས་ནས་ ཨོ་ལིམ་པིག་ཡོད་མིན་ལ་མ་ལྟོས་པར་ ག་དུས་ཡིན་ནའི་མི་སེར་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབས་དང་ དར་སྤེལ་ཆེད་དུ་འབད་བརྩོན་བྱེད་ཀྱི་ཡོད་པའི་འགྲེལ་བརྗོད་ལན་འདེབས་བྱས་འདུག འོན་ཀྱང་རྒྱ་ནག་གིས་རྒྱུན་ལྡན་ནས་ངོ་རྒོལ་བྱེད་མཁན་དང་ གཞུང་ཕྱོགས་ཀྱི་ལྟ་བ་མ་མཐུན་པའི་མི་སྣ་འཛིན་བཟུང་བཀག་ཉར་གྱི་གནས་ཚུལ་ཐོན་བཞིན་པ་དང་ པེ་ཅིང་དུ་ཨོ་ལིམ་པིག་ཚུགས་པའི་རྒྱུན་རིམ་ནང་དུ་ངོ་རྒོལ་བྱེད་མཁན་རིགས་ཚང་མ་ཐབས་ཤེས་སྣ་ཚོགས་ཀྱི་ཐོག་ནས་བཀག་འགོག་དང་བཀག་ཉར་ཕྱིར་འབུད་བྱས་པའི་གནས་ཚུལ་བྱུང་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།