ཨ་རིས་རྒྱ་ནག་དང་བོད་དོན་སྐོར་གླེང་འཆར་ཡོད་པ།
2012.02.11
༄༅༎ཨ་རིའི་སྲིད་འཛིན་མཆོག་གི་དམིགས་བསལ་ཕྱག་རོགས་ཌེ་ནི་རཱ་སེལ་ཡིས་ཁ་པར་ལྷན་ཚོགས་ཤིག་གི་ཐོག། བོད་དང་ཤིན་ཅང་གཉིས་ནང་དཀའ་རྙོག་ཆེ་རུ་འགྲོ་བཞིན་པའི་གནས་སྟངས་ལ་ང་ཚོ་བློ་འཚབ་ཡོད། ང་ཚོས་ཞིབ་མོར་ལྟ་ཞིབ་བྱེད་བཞིན་ཡོད་ལ། དངོས་སུ་སེམས་འཁུར་ཡང་ཆེན་པོ་བྱེད་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་འདུག།
ཡང་ཁོང་གིས་ཨ་མི་རི་ཀས་དེའི་སྐོར་རྒྱ་ནག་ལ་གླེང་ཡོད་པ་དང༌། གོ་སྐབས་ཡོད་ཚད་བཟུང་ནས་ཨ་རིས་རྒྱ་ནག་གི་དཔོན་རིགས་དང་འགོ་ཁྲིད་ཚོར་འགྲོ་བ་མིའི་ཐོབ་ཐང་ཐད་བཟོད་སྲན་ཆེ་ཙམ་བྱ་དགོས་རྒྱུ་དང༌། བོད་མི་ཐེ་པའི་རྒྱ་ནག་གི་ཡུལ་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལ་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ་ཡང་ནས་ཡང་དུ་གནང་ཡོད་པའི་སྐོར་གསུངས་བཞག།
སྐུ་ཞབས་ཌེ་ནི་རཱ་སེལ་ལ་གསར་འགོད་པས་དྲི་བ་ཞིག་ཞུས་པའི་ལན་དུ། ད་རེས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཨ་རིར་ལྟ་སྐོར་ལ་ཕེབས་པའི་སྐབས་འདིར། ཨ་མི་རི་ཀའི་དམིགས་ཡུལ་གཅིག་ནི་། ད་ལྟའི་བོད་ནང་གི་གནས་སྟངས་དང༌། སྨྲ་བརྗོད་རང་དབང༌། ཆོས་དད་རང་དབང་སོགས་ཨ་རིས་དུས་རྟག་ཏུ་གལ་ཆེར་རྩིས་སའི་གནད་དོན་དེ་ཚོ་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་གིས་ཤེས་རྟོགས་ཐུབ་པ་བཟོ་རྒྱུ་དེ་ཡིན། དེ་ནི་ང་ཚོའི་གྲོས་གཞི་གལ་ཆེ་ཤོས་ཤིག་ཡིན་ལ། ཨ་རི་གཞུང་གིས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་དང་གྲོས་མོལ་བྱ་སྐབས་ཨ་རིས་དུས་དང་རྣམ་པ་ཀུན་ཏུ་གནད་འགག་ཆེན་པོ་རྩིས་སའི་གནད་དོན་ནས་ཁ་ཁྱོགས་དགོས་དོན་མེད་ཅེས་གསུངས་པ་དང༌། ཨ་མི་རི་ཀས་དུས་རྒྱུན་དུ་ནས་རྒྱ་ནག་ལ་ཁོང་ཚོའི་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་རྒྱ་ནག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞིར་བརྩི་སྐུར་བྱ་དགོས་རྒྱུའི་སྐད་ཆ་འགྱུར་བ་མེད་པར་ཡང་ཡང་གླེང་སློང་གནང་གི་ཡོད་ཅེས་ཨ་རིའི་སྲིད་འཛིན་ ཨོ་བ་མ་མཆོག་གི་དམིགས་བསལ་ཕྱག་རོགས་ཌེ་ནི་རཱ་སེལ་ཡིས་གསུངས་བཞག།