དབྱིན་ཇིའི་རྒྱལ་སྲས་ཆའལ་སེ་ནས་བོད་དོན་གླེང་སློང་གནང་བ།
2009.04.03
༄༅༎དབྱིན་ཇིའི་རྒྱལ་སྲས་ཆའལ་སེ་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོ་རྣམ་གཉིས་མཇལ་འཕྲད་གནང་ཏེ་བོད་དོན་སོགས་ཀྱི་སྐོར་གླེང་སློང་གནང་ཡོད་འདུག
ཕྱི་ཚེས་གཉིས་ཉིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་འཛམ་གླིང་ཡུལ་གྲུ་ཉི་ཤུའི་དཔལ་འབྱོར་ལྷན་ཚོགས་ཀྱི་སྐབས་དང་སྟུན་ནས་དབྱིན་ཇིའི་རྒྱལ་སྲས་མཆོག་ནས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོ་དང་མཇལ་འཕྲད་གནང་ཡོད་ཅིང་དབྱིན་ཇིའི་རྒྱལ་སྲས་མཆོག་གི་མགྲིན་ཚབ་པས་དཔོན་རིགས་རྣམ་གཉིས་ཀྱི་མཇལ་འཕྲད་གྲུབ་པའི་རྗེས་གསར་འགོད་པ་ཚོར་གསུང་ན་རྒྱལ་སྲས་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོ་རྣམ་གཉིས་མཇལ་འཕྲད་གནང་བའི་སྐབས་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་དེ་བཞིན་ན་ནིང་རྒྱ་ནག་ནང་ས་ཡོམ་གྱི་གནོད་འཚེ་ཕོག་པའི་ས་ཁུལ་གྱི་འཛུགས་སྐྲུན་སླར་གསོའི་ལས་དོན་སྐོར་དེ་བཞིན་བོད་ཀྱི་གནད་དོན་སོགས་ཀྱི་ཐོག་གྲོས་མོལ་གནང་ཡོད་པ་གནས་ཚུལ་ཕྱིར་བསྒྲགས་གནང་ཡོད་པ་དང་ཡིན་ནའི་བོད་ཀྱི་གནད་དོན་སྐོར་གྲོས་མོལ་ག་རེ་གནང་ཡོད་མེད་ཞིབ་ཕྲའི་གནས་ཚུལ་གང་ཡང་འགྲེལ་བརྗོད་གནང་མིན་འདུག དབྱིན་ཇིའི་རྒྱལ་སྲས་མཆོག་ནས་རྒྱ་ནག་གི་སྲིད་འཛིན་དང་མཇལ་འཕྲད་མ་གནང་སྔོན་བོད་དོན་རྒྱབ་སྐྱོར་ཚོགས་པས་དབྱིན་ཇིའི་རྒྱལ་སྲས་མཆོག་གིས་བོད་དོན་སྐོར་རྒྱ་ནག་གི་སྲིད་འཛིན་དང་ལྷན་དུ་མཇལ་འཕྲད་གནང་བའི་སྐབས་གླེང་སློང་གནང་དགོས་པའི་འབོད་སྐུལ་ཕྱག་ཡིག་ཞིག་ཕུལ་ཡོད་པ་དང་དེའི་ནང་ན་ནིང་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་པོའི་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་བྱས་ནས་དེའི་ཐོག་རྒྱ་ནག་གཞུང་ཕྱོགས་ནས་དྲག་གནོན་བྱས་ཏེ་བོད་མི་མང་པོའི་ཚེ་སྲོག་ཤོར་ཡོད་པ་དང་ད་དུང་བོད་མི་མང་པོ་ཞིག་བཙོན་འཇུག་བྱེད་མུས་ཡིན་པར་བརྟེན་ནས་གནད་དོན་དེའི་ཐོག་རྒྱ་ནག་གཞུང་གིས་ཞིབ་འཇུག་གནང་དགོས་པ་དང་མ་འོངས་ཞི་བའི་ངོ་རྒོལ་བྱེད་མཁན་ཚོའི་ཐོག་དམག་དཔུང་གིས་དྲག་གནོན་བྱ་རྒྱུ་མཚམས་འཇོག་དགོས་པ་སོགས་རྒྱ་ནག་གི་སྲིད་འཛིན་ལ་འབོད་སྐུལ་གནང་དགས་པའི་སྐོར་འཁོད་ཡོད་པ་རེད། དབྱིན་ཇིའི་རྒྱལ་སྲས་ཆའལ་སེ་མཆོག་ནི་རྒྱུན་དུ་ནས་བོད་དོན་ཐོག་ཐུགས་འཁུར་དང་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་མ་ཟད་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཡང་དད་འགུས་ཆེན་པོ་གནང་མཁན་ཞིག་ཡིན་པ་རེད།