པེ་ཅིང་གི་མགྲོན་ཁང་ཞིག་ནང་བོད་དོན་གློག་བརྙན་ཞིག་བཏོན།
2008.08.06
༄༅༎བོད་ཀྱི་གནད་དོན་དང་འབྲེལ་བའི་སྐོར་བཟོ་བཀོད་བྱས་པའི་གློག་བརྙན་ཞིག་པེ་ཅིང་གི་མགྲོན་ཁང་ཞིག་ཏུ་ཕྱི་རྒྱལ་གསར་འགོད་པ་ཚོར་གསང་བའི་ཐོག་ནས་བཏོན་ཐུབ་ཡོད་འདུག།
རྒྱ་ནག་ནང་ཨོ་ལིམ་པིག་རྩེད་འགྲན་གྱི་དུས་ཚོད་དང་བསྟུན་ནས་ཕྱི་ནང་གང་སར་དམ་བསྒྲགས་ཤུགས་ཆེ་ཡོད་བཞིན་ཡོད་པའི་དུས་ཚོད་འདིར་ཡང་བོད་ཀྱི་གནད་དོན་དང་འབྲེལ་བའི་སྐབས་དམིགས་བསལ་ཆེད་བསྒྲིགས་བྱས་པའི་གློག་བརྙན་འགོ་བརྗོད་དུ། ཞེད་སྣང་རྒྱབ་ཏུ་བསྐྱུར་ཞེས་པ་ཞིག་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་ཉེ་འཁྲིས་སུ་ཡོད་པའི་མགྲོན་ཁང་ཞིག་ཏུ་ཕྱི་རྒྱལ་གསར་འགོད་པ་ཁག་ཅིག་ལ་གཟིགས་འབུལ་ཞུ་ཐུབ་པ་བྱུང་ཡོད་འདུག། སྐབས་དེར་མགྲོན་ཁང་གི་སྲུང་སྐྱོབ་ལས་བྱེད་པ་ཚོས་དམིགས་བསལ་བཀག་འགོག་བྱས་མི་འདུག་ཀྱང་རྗེས་སུ་སླར་ཡང་ཚོགས་ཁག་ཅིག་ལ་བཏོན་རྩིས་བྱེད་པའི་སྐབས་ཉེན་རྟོག་པས་བཀོད་ཁྱབ་བཏང་ཡོད་ལུགས་བཤད་ནས་བཏོན་བཅུག་མེད་ལུགས་ཉེ་ཆར་རྒྱ་ནག་ནས་ཕྱིར་འབུད་བྱས་པའི་བོད་པའི་བུད་མེད་བདེ་ཆེན་སྤེན་པ་ལགས་ནས་རོའུ་ཀྲར་གསར་ལས་ཁང་དུ་འགྲེལ་བརྗོད་གནང་འདུག།
ཁོང་གིས། ད་ཆ་ཨོ་ལིམ་པིག་གི་རྩེད་འགྲན་གྱི་གོ་སྐབས་བཟུང་ནས་བོད་མི་ཚོས་སོ་སོའི་བསམ་ཚུལ་དང༌། རེ་བ་ག་རེ་ཡོད་ནའི་འཛམ་གླིང་ལ་ཕྱི་བསྒྲགས་བྱེད་རྒྱུའི་གོ་སྐབས་ཡག་ཤོས་ཤིག་རེད་ཅེས་གསུངས་འདུག།
གོང་ཞུས་གློག་བརྙན་དེའི་ནང་། བོད་ནང་ཡོད་པའི་བོད་མི་ཚོར་བཅར་འདྲི་དང་ལེན་གྱི་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་པ་དང༌། དེའི་ནང༌། བོད་མི་ཚོས་སོ་སོའི་དབུ་འཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་དད་གུས་ཇི་ལྟར་ཞུ་གི་ཡོད་མེད་དང༌། རྒྱ་ནག་གཞུང་ནས་བོད་མིའི་རིག་གཞུང་རྩ་བརླག་བཏང་དང་གཏོང་བཞིན་ཡོད་པ། ལྷག་པར་དུ་ཨོ་ལིམ་པིག་རྩེད་འགྲན་དེས་ཁོང་ཚོའི་འཚོ་བའི་ཐོག་དམིགས་བསལ་ཡར་རྒྱས་འགྲོ་རྒྱུའི་རེ་བ་མེད་པ་སོགས་ཀྱི་དགོངས་ཚུལ་བཏོན་པ་ཁག་ཅིག་དང༌། ཡང་བོད་མི་ཞིག་གིས། ཕྱི་ཕྱོགས་སུ་ཡོད་པ་ཚོས་བོད་ནང་གི་བོད་མི་རྣམས་ལ་གཟིགས་རྟོགས་ཡག་པོ་བྱས་ནས་སྐྱིད་པོ་ཡོད་ཀྱི་རེད་བསམ་སྲིད་པ་རེད། འོན་ཀྱང་དངོས་ཡོད་གནས་སྟངས་ནི་བོད་ནང་གི་བོད་མི་ཚོར་སོ་འི་བདེ་སྡུག་བཤད་རྒྱུའི་རང་དབང་ཡང་ཡོད་མ་རེད་ཅེས་དང༌། གཞན་ཞིག་གིས། གལ་སྲིད་ངའི་སེམས་ནང་གི་དགོས་འདུན་བཏོན་པ་དེ་བཞིན་ ༸གོང་ས་མཆོག་གི་གཟིགས་པ་ཡིན་ན་དེའི་རྗེས་སུ་ང་འཛིན་བཟུང་བྱེད་པ་ཡིན་ནའི་སྲོག་བློས་བཏང་ཡིན་ཞེས་བསམ་ཚུལ་བཏོན་པ་བཅས་གང་ལྟར་བོད་ནང་གི་བོད་མི་ཁག་ཅིག་གི་དགོངས་ཚུལ་བཏོན་པའི་གློག་བརྙན་ཞིག་ཕྱི་རྒྱལ་གསར་འགོད་པ་ཚོར་གཟིགས་འབུལ་ཞུ་ཐུབ་ཡོད་འདུག།