ཧོང་ཀོང་ནང་བོད་དོན་ངོ་རྒོལ་བ་འཛིན་བཟུང་བྱས་པ།
2010.03.14
༄༅༎རེས་གཟའ་ཉི་མའི་ཉིན་ཧོང་ཀོང་གི་ཉེན་རྟོག་པས་ནས། རེས་གཟའ་སྤེན་པ་དང་ཉི་མའི་ཉིན་ཧོང་ཀོང་ནང་དུ་མི་དམངས་ཁག་ཅིག་གིས་རྒྱ་ནག་གི་ལས་ཁུངས་མདུན་བོད་མིའི་རང་དབང་སྒེར་ལངས་ཐེངས་༥༡ པ་སྲུང་བརྩི་ཞུ་བའི་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཞིག་འཛིན་བཟུང་བྱས་པ་དེར། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་སྤེལ་མཁན་ཚོས་ཧོང་ཀོང་གི་ཉེན་རྟོག་པས་ཧོང་ཀོང་མི་དམངས་ཀྱི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།
རེས་གཟའ་སྤེན་པའི་དགོང་དྲོ་ཧོང་ཀོང་ནང་དུ་ཡོད་པའི་རྒྱ་ནག་གཞུང་གི་སྐུ་ཚབ་ལས་ཁུངས་མདུན་དུ་མི་གྲངས་༢༠ཙམ་འདུ་འཛོིམས་ཀྱིས་མར་མེ་ཕུལ་བའི་ལས་འགུལ་སྤེལ་བ་མ་ཟད། རྒྱ་ནག་གཞུང་གི་ལས་ཁུངས་ཀྱི་རྒྱལ་སྒོའི་སྟེང་དུ་བོད་ཀྱི་རྒྱལ་དར་འགྲེངས་འཛུགས་བྱེད་ཐབས་བྱེད་མཁན་གྱི་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་ལོ་ན་༢༡ ཡིན་པའི་གཞོན་ནུ་ཞིག་ལ་ཧོང་ཀོང་གི་ཉེན་རྟོག་པས་རྒོལ་རྡུང་བཏང་བ་མ་ཟད། ཁོང་ཉེན་རྟོག་པས་འཛིན་བཟུང་བྱས་པའི་རྗེས་འཕྲལ་དུ་གློད་འགྲོལ་བཏང་མེད་ཀྱང། ཧོང་ཀོང་གི་ཌོ་ལར་༥༠༠དངུལ་གྱི་གཏའ་མ་སྤྲད་དེ་གློད་བཀྲོལ་ཐོབ་ཡོད་པ་རེད། དེར་བརྟེན་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་ཚོས། རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྟེན་ནས་ཧོང་ཀོང་གཞུང་གིས་ཧོང་ཀོང་ས་གནས་ནང་དུ་ངོ རྒོལ་ལས་འགུལ་རིགས་སྤེལ་རྒྱུར་དམ་བསྒྲགས་ཆེ་རུ་གཏོང་གི་ཡོད་པ་དང། ཉེ་ཆར་ངོ་རྒོལ་ལས་འགུལ་སྤེལ་མཁན་ཁག་ཅིག་གིས་རྒྱ་ནག་གཞུང་གིས། གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་གྱི་དམངས་གཙོ་དོན་གཉེར་ཅན་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་བགྲོལ་གཏོང་དགོས་པ་དང། ཧོང་ཀོང་གི་ཆབ་སྲིད་ལམ་ལུགས་དམངས་གཙོའི་ཁ་ཕྱོགས་སུ་བསྒྱུར་བཅོས་གཏོང་དགོས་པའི་དགོས་འདུན་བཏོན་མཁན་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད་ཅིང། ལྷག་པར་དུ་ཧོང་ཀོང་དེ་ནི་དེ་སྔ་དབྱིན་ཇིའི་མངའ་ཁོངས་ཞིག་ཡིན་པ་དེ། ཕྱི་ལོ་༡༩༧༩ལོར་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་ནས་བཟུང། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཆབ་སྲིད་གནས་བབ་ཀྱི་ལམ་ལུགས་མི་འདྲ་བར་ངོས་འཛིན་བྱེད་པ་དེའི་མཚོན་དོན་ནི། ཧོང་ཀོང་མི་དམངས་ཀྱི་རང་དབང་སྲུང་སྐྱོབ་བྱ་དགོས་པ་ནི་རང་དབང་གི་སྒོ་ནས་ངོ་རྒོལ་ལས་འགུལ་རིགས་སྤེལ་ཆོག་པ་ཡིན་ནའང་དུས་རྟག་ཏུ་རྒྱ་ནག་སྐམ་ས་ཆེན་པོ་ནས་བཀག་འགོག་དང་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།