རྒྱ་ནག་གི་རྒྱལ་སྟོན་ཉིན་མི་རིགས་མང་པོ་མཉམ་རུབ་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་འཆར་འདུག


2020.08.05
དབྱིན་ཇིའི་རྒྱལ་སའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་ལས་འགུལ་སྤེལ་སྐབས། ༢༠༢༠།༧།༡༠ དབྱིན་ཇིའི་རྒྱལ་སའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་ལས་འགུལ་སྤེལ་སྐབས། ༢༠༢༠།༧།༡༠
FT/FB

རྒྱ་ནག་གི་རྒྱལ་སྟོན་ཉིན་འཛམ་གླིང་གི་ཡུལ་ལུང་མང་པོར་བོད་མི་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་མི་རིགས་མང་པོ་མཉམ་རུབ་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་འཆར་འདུག
བཙན་བྱོལ་བོད་མི་དང་ཡུ་གུར་མི་རིགས། ཧོང་ཀོང་དང་ཐེ་ཝན། ལྷོ་སོག་པོ་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྣམས་མཉམ་རུབ་ཀྱིས་མི་རིང་བའི་ཕྱི་ཟླ་༡༠་ཚེས་༡་ཉིན། རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་པའི་ཉིན་མོ་དང་བསྟུན། རྒྱ་ནག་གཞུང་གིས་གོང་ཞུས་ཡུལ་ལུང་ཁག་གི་མི་མང་ཐོག་དྲག་གནོན་བྱེད་མུས་ལ་ངོ་རྒོལ་དང་། རྒྱ་ནག་དམར་པོའི་རྒྱ་བསྐྱེད་རིང་ལུགས་ལ་འཛམ་གླིང་ཁྱོན་ཡོངས་ནང་ངོ་རྒོལ་གྱི་ལས་འགུལ་ཉིན་བརྒྱ་དུས་གཅིག་ཏུ་སྤེལ་གཏན་འཁེལ་འདུག
དེའི་ཐད་གསལ་བསྒྲགས་བརྙན་ཐུང་ཞིག་ཕྱིར་བསྒྲགས་བྱས་བའི་ནང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པས་བཙན་བཟུང་བྱས་པའི་བོད་ནང་གི་བོད་མིའི་ཐོག་དེང་དུས་ཅན་གྱི་གསང་ཉུལ་ཞིབ་ལྟའི་པར་ཆས་བཙུགས་ནས་ལྟ་སྲུང་ནན་པོ་བྱེད་མུས་དང་། དམ་དྲག་ཞིབ་བཤེར་ནན་པོ་བྱེད་བཞིན་པ། ཐལ་ཆ་ཆེ་བའི་དྲག་གནོན་བྱེད་བཞིན་པ་སོགས་ཀྱི་སྲིད་ཇུས་ལ་ངོ་རྒོལ་དང་། ཉེན་ཁའི་གནས་སྟངས་ལ་ཁ་གཏད་གདོང་ལེན་གནང་དགོས་མིན་ལ་མ་བལྟོས་པར་བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་ལས་འགུལ་མུ་མཐུད་ནས་སྤེལ་མུས་ཡིན་པས། ད་ཐེངས་བཙན་བྱོལ་བོད་མི་དང་ཡུ་གུར་མི་རིགས། ཧོང་ཀོང་དང་ཐེ་ཝན། ལྷོ་སོག་པོ་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྣམས་མཉམ་རུབ་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་འདུག
ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། རྒྱ་ནག་གཞུང་གི་དྲག་གནོན་འོག་ཡོད་པའི་མི་རིགས་ཚང་མ་རྡོག་རྩ་ཆིག་སྒྲིལ་དང་ནུས་པ་མཉམ་སྤུངས་ཀྱི་སྒོ་ནས་འཐབ་རྩོད་གནང་ཚེ། ང་ཚོའི་རྒྱལ་ཁབ་ཀྱི་མི་མང་རྣམས་ལ་རང་དབང་ཐོབ་རྒྱུ་ཡིན་སྟབས་ད་ཆ་ལས་འགུལ་སྤེལ་རྒྱུའི་དུས་ལ་བབས་ཡོད་པ་གསུངས་འདུག
ཡང་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་(Ten Bao)་ལགས་ཀྱིས། རྒྱ་ནག་དམར་པོའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དང་། དྲིལ་བསྒྲགས་བྱེད་མུས་ཁག་ས་མཚམས་ཡོལ་ནས། རྒྱལ་སྤྱིའི་མཁས་པའི་བདག་དབང་རྐུ་འཁྱེར་དང་སོ་ཉུལ་ངན་གཤོམ་བྱས་པ་ཁག་གིས་རྒྱལ་སྤྱིའི་ཁྲིམས་ལ་བརྩི་མེད་གཏོང་གི་ཡོད་པ་གསུངས་འདུག
ད་དུང་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་(Alex Chow)་ལགས་ནས། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་གདུག་རྩུབ་དྲག་གནོན་ཆེ་བའི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་གཞི་ཟེར་བ་ལག་བསྟར་བྱས་བ་དེས། ཧོང་ཀོང་མི་མང་ས་ཡ་མང་པོའི་གཞི་རྩའི་རང་དབང་ལ་ཉེན་ཁ་བཟོ་བཞིན་ཡོད་པ་གསུངས་འདུག་ལ་འཛམ་གླིང་ཡུ་གུར་ཚོགས་པའི་ཚོགས་གཙོ་(Dolkun Isa)་ལགས་སོགས་ཀྱིས་ཀྱང་རྒྱ་ནག་དམར་པོའི་གཞུང་འཛིན་ལ་སྐྱོན་བརྗོད་དྲག་པོ་གནང་ནས་མ་འོངས་སྤྱི་ཟླ་༡༠་བའི་ཚེས་གཅིག་ཉིན་མཉམ་འབྲེལ་ལས་འགུལ་སྤེལ་རྒྱུ་ཡིན་པ་བསྒྲགས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎