ནང་སོག་སློབ་ཕྲུག་དང་འབྲོག་པ་ཚོས་རྒྱ་ནག་ལ་ངོ་རྒོལ།
2011.05.28
༄༅༎ནང་སོག་ནང་འདས་པའི་གཟའ་འཁོར་གཅིག་རིང་སོག་པོའི་སློབ་ཕྲུག་དང་འབྲོག་པ་ཚོས། ཉིན་ཤས་བསྟུད་མར་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་བརྟེན། གཟའ་པ་སངས་ནས་བཟུང་ས་གནས་དེའི་ནང་དམག་དཔུང་གིས་དམ་དྲག་བྱེད་སྒོ་བཙུགས་ཡོད་པ་དང་། གཞུང་གིས་ད་དུང་སློབ་གྲྭ་ཁག་ཅིག་སྒོ་བརྒྱབ་ནས་མི་གྲངས་བཞི་ཅུ་ལྷག་ཙམ་འཛིན་བཟུང་བྱས་པའི་ཁར། དྲ་རྒྱའི་ཐོག་ལ་ཡང་ངོ་རྒོལ་ལས་འགུལ་དང་འབྲེལ་བའི་གནས་ཚུལ་སྤེལ་རྒྱུར་དམ་དྲག་སྟངས་འཛིན་ནན་པོ་བྱེད་བཞིན་པའི་སྐོར། ཨ་རིའི་གྲོང་ཁྱེར་ནིའུ་དབྱོག་ནང་རྟེན་གཞི་བྱས་པའི་ལྷོ་སོག་པའི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གིས་དེ་རིང་གནས་ཚུལ་ཕྱིར་བསྒྲགས་གནང་འདུག
དེ་རིང་གཟའ་སྤེན་པའི་ཉིན་ནང་སོག་གི་ངོ་རྒོལ་བྱེད་སའི་ས་ཁུལ་ཁག་ནང་དམག་དཔུང་གིས་དམ་དྲག་བྱེད་བཞིན་པར་བརྟེན་ནས་ངོ་རྒོལ་བྱེད་མཁན་བྱུང་མེད་པ་དང༌། ཡིན་ནའང་ས་གནས་ཀྱི་སོག་པོ་ཁག་ཅིག་གིས་དྲ་རྒྱ་བརྒྱུད་ནས་གཟའ་འཁོར་རྗེས་མ་སླར་ཡང་ནང་སོག་གི་རྒྱལ་ས་ཨོ་ལོམ་བཐོ་ནང་ཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་ལུགས་གནས་ཚུལ་ཁག་ཅིག་ནང་འཁོད་འདུག
ནང་སོག་ནང་འདས་པའི་ཉིན་གྲངས་ལྔའི་རིང་ས་གནས་སོག་པོའི་སློབ་ཕྲུག་དང་འབྲོག་པ་ཚོས་ས་གནས་ཀྱི་ཁོར་ཡུག་དང་། སོག་པོ་མི་རིགས་ཀྱི་ཐོབ་ཐང་ལ་སྲུང་བརྩི་ཞུ་རྒྱུའི་དགོས་འདུན་བཏོན་ནས་ཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་ལ་རྒྱ་ནག་གཞུང་གིས་ཐར་དྲག་གནོན་བྱས་པར། དེ་རིང་གཟའ་སྤེན་པའི་ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས། རྒྱ་ནག་གཞུང་གིས་སོག་པོ་ཞི་བའི་ངོ་རྒོལ་བ་ཚོའི་ཐོག་དྲག་གནོན་བྱ་རྒྱུ་མཚམས་འཇོག་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་པ་དང༌། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་སྤེལ་བའི་གསར་འགོད་གསལ་བསྒྲགས་ཤིག་གི་ནང་། རྒྱ་ནག་གཞུང་གིས་ནང་སོག་གི་ངོ་རྒོལ་བྱེད་སའི་ས་ཁུལ་ནང་དམག་དོན་དམ་དྲག་བྱ་རྒྱུའི་བཀའ་བརྒྱ་བཏང་ཡོད་པ་དེ་ཕྱིར་ཐེན་དགོས་པ་དང་། རྒྱ་ནག་གཞུང་གིས་ངེས་པར་དུ་མང་ཚོགས་ཀྱིས་རང་དབང་ཐོག་ནས་ལྟ་སྤྱོད་བཏོན་རྒྱུར་བརྩི་བཀུར་ཞུ་དགོས་པ་དང་། ནང་སོག་ནང་ལ་ཡང་བོད་དང་ཤིན་ཅང་ཁུལ་གྱི་ཞི་བའི་ངོ་རྒོལ་ལྟར་གཞུང་ཕྱོགས་ནས་ཤུགས་ཆེའི་དྲག་གནོན་བྱ་རྒྱུར་སེམས་འཚབ་ཡོད་པའི་སྐོར་སོགས་གསལ་སྟོན་གནང་ཡོད་འདུག།