གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་གྱི་འཛིན་སྐྱོང་ནང་པར་རྩིས་སྤྲོད་དགོས་པའི་དགོས་འདུན་བཏོན་ནས་ཟས་བཅད་ངོ་རྒོལ་གནང་བཞིན་འདུག

དེ་ཡང་རྒྱ་གར་གྱི་སྦི་ཧར་མངའ་སྡེའི་ནང་གི་གནས་མཆོག་རྡོ་རྗེ་གདན་དུ། ཉེ་ལམ་ནས་ནང་པའི་དགེ་འདུན་པ་དང་མི་སྐྱ་ཕོ་མོ་བཅས་ཁྱོན་མི་གྲངས་བརྒྱ་ལྷག་གིས་ནང་པའི་གནས་ཀྱི་གཙོ་བོ་རྡོ་རྗེ་གདན་བྱང་ཆུབ་མཆོད་རྟེན་གྱི་འཛིན་སྐྱོང་ནང་པར་རྩིས་སྤྲོད་དགོས་པའི་དགོས་འདུན་བཏོན་ནས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གྱི་ཞི་བའི་ལས་འགུལ་སྤེལ་བཞིན་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་མཆོག་རྡོ་རྗེ་གདན་དུ་གནས་སྡོད་སྒྲོལ་མ་ལྷ་ཁང་གི་འགན་འཛིན་ངག་དབང་བསྟན་འཛིན་ལགས་སུ། ད་རེས་ཀྱི་ཞི་བའི་ལས་འགུལ་དང་འབྲེལ་བའི་སྐོར་བཅར་འདྲི་ཞུས་པར་ཁོང་གིས། འདི་ནི་ད་ཆ་རྒྱ་གར་ཁྲིམས་ཐོག་གི་གནས་ཚུལ་ཞིག་ཆགས་ཀྱི་ཡོད་པ་དང་། སྤྱིར་བྱང་ཆུབ་མཆོད་རྟེན་དེ་བཞིན་སྟོན་པ་སྐུ་མྱ་ངན་ལས་འདས་པས་རྗེས་སུ་བཞེངས་པའི་ནང་པའི་གནས་རྩ་ཆེན་ཞིག་ཆགས་ཀྱི་ཡོད་ན་ཡང་ཕྱིས་སུ་ལོ་ངོ་གསུམ་བརྒྱ་ལྷག་གི་རིང་བྱང་ཆུབ་མཆོད་རྟེན་དེ་བཞིན་ཧིན་རྡུ་ཆོས་པས་བདག་གཉེར་བྱེད་བཞིན་ཡོད་པས་རྡོ་རྗེ་གདན་མཆོད་རྟེན་འདིའི་བདག་དབང་ཧིན་རྡུ་ཚོ་ལ་འང་ཡོད་ལུགས་བརྗོད་ནས་ལོ་ངོ་མང་པོའི་རིང་བྱང་ཆུབ་མཆོད་རྟེན་གྱི་འཛིན་སྐྱོང་ཧིན་རྡུའི་ཆོས་པ་ཚོས་གནང་ནས་མཆོད་རྟེན་གྱི་བདག་དབང་ཐོག་ཧིན་རྡུ་དང་ནང་པའི་བར་རྩོད་གླེང་ཅན་གྱི་གནད་དོན་ཞིག་དུ་གྱུར་ནས་ད་ཆ་རྒྱ་གར་གྱི་མངའ་སྡེ་མང་པོ་ཞིག་དུ་དར་ཁྱབ་བྱུང་ནས་ལས་འགུལ་དེ་གཞི་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པ་གསུངས་བྱུང་།
ད་རེས་ཀྱི་ཞི་བའི་ལས་འགུལ་དེ་བཞིན་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་གྱི་ཕེབས་ལའི་མདུན་ཕྱོགས་སུ་གནང་ཡོད་ན་ཡང་ཕྱིས་སུ་རྒྱ་གར་མངའ་སྡེ་གཞུང་གི་ཁྲིམས་ཐོག་ནས་དེ་སྔ་བྱང་ཆུབ་མཆོད་རྟེན་གྱི་ཉེ་འདབ་སུ་འབར་རྫས་གས་གཏོར་གྱི་དོན་རྐྱེན་བྱུང་པ་དང་། བྱང་ཆུབ་མཆོད་རྟེན་དེ་བཞིན་ (World Heritage Site) འཛམ་གླིང་ཤུལ་བཞག་རིག་དངོས་སུ་ངོས་འཛིན་ཐོབ་པའི་ས་ཁུལ་གལ་ཆེ་ཞིག་ཆགས་ཀྱི་ཡོད་དུས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་གནད་དོན་མང་དག་ཞིག་གི་རྐྱེན་པས་ཞི་བའི་ལས་འགུལ་བ་རྣམས་ས་ཁུལ་གཞན་དུ་གནས་སྤོ་བྱ་དགོས་བྱུང་ཡོད་པ་རེད།
དེ་བཞིན་ཀེམ་བྷོ་ཌི་ཡ་དང་། ཁེ་ན་ཌ། ཉི་འོང་། ཀོ་རི་ཡ། ལཨོསི། སོག་ཡུལ། ཤྲི་ལང་ཀཱ། ཐེ་ལནཌི། ཨ་རི་བཅས་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་ནང་པའི་ཚོགས་སྡེ་ཁག་ནས་ད་རེས་ཀྱི་ལས་འགུལ་ཐོག་རྒྱབ་སྐྱོར་དང་ཆིག་སྒྲིལ་གྱི་རྣམ་པ་སྟོན་ཆེད་རྒྱ་གར་དབུས་གཞུང་ལ་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་གྱི་འཛིན་སྐྱོང་དེ་བཞིན་ནང་པར་རྩིས་སྤྲོད་དགོས་པས་མཚན་རྟགས་བསྡུ་རུབ་ཀྱི་སྙན་ཞུ་ཞིག་འབུལ་ཡོད་པ་རེད་འདུག
རྒྱ་གར་ནང་ནང་པའི་གནས་ཆེན་མང་པོ་ཡོད་པའི་ནང་ནས། གནས་གཙོ་ཆེ་ཤོས་ཞིག་ནི་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་སངས་རྒྱས་སའི་གནས་མཆོག་ཏུ་གྱུར་བ་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་འདི་ཆགས་ཀྱི་ཡོད་པ་རེད། འདིར་ལོ་ལྟར་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ནང་པའི་དད་ལྡན་གནས་སྐོར་བ་སྟོང་ཚོ་མང་པོ་གནས་སྐོར་དུ་ཕེབས་ཀྱི་ཡོད་པ་དང་། ལྷག་པར་དུ་བོད་རིགས་དང་ཧི་མ་ལ་ཡའི་རི་བརྒྱུད་དེ་བཞིན་ཕྱི་རྒྱལ་བ་ཁག་ཅིག་ནས་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་གྱི་གཡས་གཡོན་དུ། དུས་ཡུན་ཟླ་བ་གཉིས་གསུམ་ཙམ་གྱི་རིང་རྐྱང་ཕྱག་དང་མན་ཊལ་འབུལ་བ་དང་སྒོམ་སོགས་ཉམས་ལེན་གནང་ནས་དགེ་བའི་ལས་ལ་བརྩོན་བཞིན་ཡོད་པ་རེད་འདུག།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།