རྒྱ་ནག་ནས་ལྷ་ས་བར་གྱི་རི་ལིའི་ཐོག་གྱོང་གུན་ཆེན་པོ་ཕོག་འདུག
2008.08.16
༄༅༎འདི་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་བར་བརྟེན་ རྒྱ་ནག་ནས་ལྷ་ས་བར་གྱི་རི་ལིའི་ཐོག་འགྲིམ་འགྲུལ་བྱེད་མཁན་ཉུང་དུ་ཕྱིན་ཏེ་གྱོང་གུན་ཆེན་པོ་ཕོག་ཡོད་འདུག
ཕྱི་ལོ་༢༠༠༦ལོའི་ཕྱི་ཟླ་༧པའི་ཚེས་གཅིག་ཉིན་རྒྱ་ནག་དང་ལྷ་སའི་དབར་རི་ལིའི་ལྕགས་ལམ་དབུ་འབྱེད་བྱས་པ་དེ་རིམ་པས་རྒྱ་བསྐྱེད་ཀྱིས་ལོ་གཉིས་གསུམ་ནང་གཞིས་ཀ་རྩེ་དང་གཏེར་རྫས་ཀྱི་ཕྱུག་པའི་ཀོང་པོ་ཉིང་ཁྲི་བར་ལྕགས་ལམ་བཟོ་རྒྱུའི་འཆར་གཞི་ཡོད་རེད་
འོན་ཀྱང་འདི་ལོ་བོད་ཀྱི་རྒྱལ་སར་བོད་མི་ཚོས་རྒྱ་ནག་གཞུང་ལ་གྱེན་ལངས་ཤུགས་ཆེ་བྱས་པར་བརྟེན་རི་ལའི་ནང་འགྲུལ་པ་དཀོན་པའི་དབང་གིས་གཞུང་ལ་གྱོང་གུན་ཆེན་པོ་ཆགས་སྟེ་ རྒྱ་སྒོར་ཡུ་འན་ཐེར་འབུམ་༣༠སམ་ཨ་རིའི་ཌོ་ལར་ཐེར་འབུམ་བཞི་ལྷག་པའི་རི་ལིའི་ལྕགས་ལམ་དེར་ལོ་རེར་རྒྱ་སྒོར་ཐེར་འབུམ་གཅིག་ལྷག་གྱོང་གུན་ཆགས་ཡོད་པ་ངོས་ལེན་བྱས་འདུག འདི་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ནང་གྱེན་ལངས་བྱུང་བའི་རྗེས་སུ་བོད་ནང་ཕྱི་མི་གཏོང་རྒྱུ་མཚམས་འཇོག་བྱས་པར་བརྟེན་ཕྱི་ཟླ་བཞི་པ་ནས་དྲུག་པ་དབར་པེ་ཅིང་ནས་ཆིང་ཧའི་དབར་འགྲུལ་བ་སྔ་ལོ་ལས་འབུམ་གསུམ་དང་ཉིས་ཁྲི་བདུན་སྟོང་ཉུང་དུ་ཕྱིན་ཡོད་ལུགས་རི་ལིའི་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ ལྦན་ཡོང་ཕིང་ གིས་གསུངས་གནང་འདུག འོན་ཀྱང་སྔ་ལོ་འགྲུལ་བ་ཇི་ཙམ་ཡོད་མེད་གྲངས་འབོར་གསལ་སྟོན་གནང་མི་འདུག