རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱས་པའི་བདེན་རྟཌ།
2009.03.20
༄༅༎ན་ནིང་ཕྱི་ཟླ་གསུམ་པ་ནས་བོད་ཁྱོན་ཡོངས་སུ་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས་རྒྱ་ནག་གཞུང་གིས་དྲག་གནོན་གྱི་བྱ་ཐབས་ལག་བསྟར་བྱས་པར་རྒྱ་ནག་གཞུང་ཕྱོགས་ནས་ངོས་ལེན་རྩ་བ་ནས་བྱེད་ཀྱི་མེད་ཀྱང་བོད་མིའི་ཐོག་དྲག་གནོན་བྱས་པའི་ཡ་ང་བའི་དཔངས་རྟགས་ཀྱི་བརྙན་འདྲ་བཙན་བྱོལ་བོད་གཞུང་གིས་དྲ་རྒྱའི་ཐོག་བཏོན་ཡོད་པ་རེད།
དེ་རིང་བཙན་བྱོལ་བོད་གཞུང་གི་འཕྲིན་གཏོང་དྲ་རྒྱའི་གསར་འགྱུར་པར་ངོས་ཐོག་ལ་གནས་ཚུལ་སྤེལ་བའི་ནང་ན་ནིང་བོད་ཆོལ་ཁ་གསུམ་ནང་རྒྱ་ནག་ཉེན་རྟོག་པས་བོད་མིའི་ཐོག་ཉེས་རྡུང་དང་མནར་གཅོད།དྲག་གནོན་ཚབས་ཆེའི་བྱ་སྤྱོད་སྤེལ་བའི་སྐོར་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྙན་ཐོ་འདོན་སྤེལ་གནང་བ་དེར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་སྙན་ཐོ་དེ་ནི་བདེན་པ་མིན་པ་དང་རྒྱ་ནག་ལ་མིང་བྱད་བཟོས་པ་ཞིག་ཡིན་ལུགས་བཤད་དེ་ངོས་ལེན་བྱས་མེད་པ་དང་ཡིན་ནའང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་ཚབས་ཆེ་བྱས་པ་དང་བོད་ནང་གི་ད་ལྟའི་དངོས་ཡོད་གནས་སྟངས་སྐོར་ལ་འདྲ་པར་གྱི་ལམ་ནས་དཔངས་རྟགས་བྱེད་ཐུབ་པ་ནི་དང་པོ་དེ་ན་ནིང་ཕྱི་ཟླ་གསུམ་པའི་ཚེས་བཅུ་ནས་བཟུང་བོད་ས་ཁྱོན་ཡོངས་ནང་ཞི་བའི་རྔམ་སྟོན་ངོ་རྒོལ་རྒྱ་ཁྱབ་ཕྱིན་པ་དང་གཞི་རྒྱ་ཆེ་བའི་རྔམ་སྟོན་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཚོར་ཉེན་རྟོག་པ་དང་དམག་མིས་ཉེས་རྡུང་བཏང་བའི་འདྲ་པར་དང་བོད་མི་དེ་རྣམས་ལ་ལག་ལྕགས་རྒྱབ་པ་དང་ཡང་ན་ཐག་པས་བསྡམས་ཡོད་ནའང་ཉེས་རྡུང་གཏོང་བའི་བྱ་སྤྱོད་མཐོང་རྒྱུ་ཡོད་པ་དང་དཔངས་རྟགས་གཉིས་པ་ནི་རྒྱ་མིའི་ཁ་པར་ལས་ཁུངས་ཀྱི་ལས་བྱེད་བོད་མི་གཞོན་སྐྱེས་བསྟན་དར་ལགས་ཞུ་བ་ཁོང་ན་ནིང་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་ལས་ཁུངས་སུ་བསྐྱོད་པའི་ལམ་བར་ཉེན་རྟོག་པས་དགེ་འདུན་པ་ཞིག་ཉེས་རྡུང་གཏོང་བཞིན་པ་མི་བཟོད་པར་བཀག་ཐབས་བྱས་པར་བརྟེན་ནས་ཁོང་ལའང་ཉེས་རྡུང་ཚབས་ཆེ་བཏང་བའི་རྗེས་སྨན་བཅོས་བྱེད་དུ་མི་བཅུག་པར་ན་ནིང་ཕྱི་ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་འདས་གྲོང་དུ་ཕྱིན་པའི་ཡ་ང་བའི་གནས་སྟངས་དང་དཔངས་རྟགས་གསུམ་པ་ནི་དེ་སྔ་ཕྱི་ལོ་༡༩༥༩འི་ཕྱི་ཟླ་གསུམ་པའི་ཚེས་བཅུ་བོད་མིའི་རང་དབང་སྒེར་ལངས་བྱས་ནས་མི་ལོ་ལྔ་བཅུ་འཁོར་བའི་དྲན་གསོའི་ཉིན་མོའི་གོང་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དམག་དཔུང་ཕོན་ཆེ་འགྲེམས་འཇོག་བྱས་ཏེ་དམ་བསྒྲགས་ཤུགས་ཆེ་བྱས་པ་མ་ཟད་ད་ཆ་རྒྱལ་ས་ལྷ་ས་དང་བོད་ཀྱི་ས་ཁུལ་གཞན་ཁག་ཚང་མའི་གནས་སྟངས་ནི་རྒྱ་ནག་གི་དམག་ཁྲིམས་དམ་བསྒྲགས་འོག་གནས་བཞིན་ཡོད་པ་བརྙན་པར་གྱི་ཐོག་ནས་ར་སྤྲོད་གནང་ཡོད་པ་རེད༎