བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཡིག་དོན་ཚན་གསུམ་ལ་ཨ་རིའི་གྲོས་ཚོགས་ཀྱིས་སླར་གསོའི་ཆོག་མཆན་གནང་འདུག
ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡༨ ཉིན་ཨ་མི་རི་ཀའི་གྲོས་ཚོགས་ནས་རྒྱལ་ཡོངས་སྲུང་སྐྱོབ་ཀྱི་འགན་དབང་གི་ཁྲིམས་ཡིག་ (National Defense Authorization Act) གཏན་འབེབས་གནང་ཡོད་པ་དང་། དེའི་ནང་ཚུད་ཡོད་པའི་བོད་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་དོན་ཚན་གལ་ཆེན་གསུམ་ལ་ཆོག་མཆན་གནང་ཡོད་ཅིང་། དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མུ་མཐུད་དུ་བོད་མི་མང་ལ་བཙན་གནོན་བྱེད་བཞིན་པའི་སྐབས་ཨ་མི་རི་ཀས་མུ་མཐུད་དུ་རྒྱབ་སྐྱོར་བྱེད་བཞིན་པ་སྒྲུབ་བྱེད་ཅིག་ཏུ་གྱུར་བར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བའི་བོད་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་དོན་ཚན་གསུམ་གྱི་ཁོངས་ནས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་ཡིག་འབྲུ་དོན་དང་འབྲེལ་བའི་དོན་ཚན་དང་པོ་དེས་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་དཔོན་རིགས་དང་། གསར་འགོད་པ། རང་དབང་གི་ལྟ་ཞིབ་པ། ཨ་རིའི་མི་སེར་ཡིན་པའི་བོད་མི། ཡུལ་སྐོར་སྤྲོ་ཆམ་པ་སོགས་བོད་ནང་བསྐྱོད་ཐབས་བྱེད་མཁན་ཐོག་བཀག་འགོག་བྱེད་པའི་བྱ་སྤྱོད་ལ་ཨ་མི་རི་ཀས་གདོང་ལེན་གནང་སྟེ་ཁྲིམས་ཡིག་དེ་སླར་ཡང་བཀའ་ཁྲོལ་གནང་བ་ཞིག་ཡིན་ཞིང་། ཁྲིམས་ཡིག་དེ་ནི་ཐོག་མར་ཕྱི་ལོ་ ༢༠༡༨ ལོར་གཏན་འབེབས་གནང་པ་དང་། ད་རེ་སླར་ཡང་ལོ་ལྔའི་རིང་བསྐྱར་གསོ་གནང་བ་ཞིག་ཡིན་པས། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེར་བསྔགས་བརྗོད་གནང་འདུག
གྲོས་ཚོགས་ཀྱིས་ཁྲིམས་ཡིག་བསྐྱར་གསོའི་གཏན་འབེབས་གནང་པ་དེར་ཨ་རིའི་སྲིད་འཛིན་ཀྱིས་མཐའ་མའི་མཚན་རྟགས་བཀོད་དགོས་ཀྱི་ཡོད་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། ཨ་མི་རི་ཀའི་གྲོས་ཚོགས་གིས་ ༢༠༢༤ ལོར་བོད་དོན་ལ་རྒྱབ་སྐྱོར་གྱི་ཁྲིམས་ཡིག་དོན་ཚན་དེ་དག་མཁོ་སྤྲོད་གནང་སྟེ་བོད་དང་ཨེ་ཤེ་ཡའི་ཁུལ་དུ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་ཨ་མི་རི་ཀས་རྒྱབ་སྐྱོར་གྱི་ལངས་ཕྱོགས་སྲ་བརྟན་འཛིན་ཡོད་ཅེས་དང་། ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་བཀའ་ཁྲོལ་གནང་བའི་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་དགོས་པའི་ཁྲིམས་ཡིག་དེ་ནི་རྒྱ་ནག་གཞུང་གིས་བོད་མིའི་ཐོག་བྱ་སྤྱོད་ཇི་འདྲ་ལག་བསྟར་བྱེད་ཀྱི་ཡོད་མེད་ཀྱི་བདེན་པ་མུ་མཐུད་ནས་ཇེ་གསལ་དུ་གཏོང་པ་དང་། རྒྱ་ནག་གཞུང་གིས་བོད་དེ་འཛམ་གླིང་ནས་མེད་པ་བཟོ་ཐབས་བྱེད་པའི་བྱ་སྤྱོད་དེ་ཨ་མི་རི་ཀའི་ནང་འགྲོ་ས་མེད་པ་གསལ་པོ་བསྟན་ཡོད་སྟབས། ཨ་མི་རི་ཀའི་སྲིད་འཛིན་གྱིས་ཁྲིམས་འཆར་དེ་ལ་གང་མགྱོགས་མཚན་རྟགས་བཀོད་གནང་རྒྱུའི་རེ་བ་ཡོད། ཅེས་གསུངས་འདུག
གཞན་ཡང་ཉེ་ལམ་རྒྱ་ནག་གཞུང་གིས་ཨ་རི་ཐེ་བའི་རྒྱལ་ཁབ་ ༥༠ ལྷག་གི་མི་སེར་རྣམས་རྒྱ་ནག་ཏུ་ཐོངས་མཆན་ (Visa) སྔོན་ཚུད་ནས་ཞུ་མི་དགོས་པར་རྒྱ་ནག་ནང་གི་གནམ་ཐང་ཞིག་ཏུ་འབྱོར་འཕྲལ་ཉིན་ ༡༠ རིང་འགྲུལ་བཞུད་ཆོག་པའི་ཆོག་མཆན་སྤྲོད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད། འོན་ཀྱང་བོད་དང་ཤིན་ཅང་སོགས་ཀྱི་ནང་བསྐྱོད་ཆོག་མིན་ཁ་གསལ་མེད་པ་རེད།
ཡང་ཨ་མི་རི་ཀའི་གྲོས་ཚོགས་ནས་རྒྱལ་ཡོངས་སྲུང་སྐྱོབ་ཀྱི་འགན་དབང་གི་ཁྲིམས་ཡིག་ (National Defense Authorization Act) གཏན་འབེབས་གནང་པའི་དོན་ཚན་གཉིས་པའི་ནང་ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱི་ལོ་འཁོར་སྙན་ཐོའི་ནང་བོད་མཐོ་སྒང་ལ་མུ་མཐུད་ལྟ་རྟོག་བྱེད་རྒྱུ་དང་། དེས་རྒྱལ་སྲུང་ལས་ཁུངས་ཀྱི་དམག་དོན་དང་བདེ་འཇགས་འཕེལ་རྒྱས་སྐོར་གྱི་ལོ་འཁོར་སྙན་ཐོའི་ནང་བོད་མཐོ་སྒང་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤུགས་རྐྱེན་ཇི་ཡོད་སྐོར་དཔྱད་ཞིབ་བྱེད་རྒྱུའི་དོན་ཚན་ཞིག་ཁ་སྣོན་བྱས་པ་ཞིག་ཡིན་འདུག་ལ། དོན་ཚན་གསུམ་པའི་ནང་། ཁྲིན་ཏུའུ་གྲོང་ཁྱེར་དུ་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་སྒོ་བརྒྱབ་པའི་ཤུགས་རྐྱེན་སྐོར་སྙན་ཐོ་འབུལ་དགོས་པ་གསལ་ཡོད་པ་རེད། ཁྲིན་ཏུའུ་གྲོང་ཁྱེར་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཡན་ལག་སྒོ་བརྒྱབ་པ་དེས་ཁྲིན་ཏུའུ་ཡན་ལག་ལས་ཁུངས་ཀྱིས་དེ་སྔ་བོད་ནང་གི་འགྱུར་འགྲོས་ལ་ལྟ་རྟོག་བྱེད་རྒྱུའི་འགན་དབང་ཡོད་ཀྱང་། ལས་ཁུངས་དེ་སྒོ་བརྒྱབ་པའི་རྗེས་བོད་ནང་ལྟ་རྟོག་བྱེད་རྒྱུའི་ལས་འགན་དེ་བོད་དང་ཧ་ཅང་རྒྱང་ཐག་རིང་པོར་ཆགས་པའི་རྒྱ་ནག་རྒྱལ་ས་པེ་ཅིན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་འགན་འཁུར་བཞེས་མུས་ཡིན་པ་རེད།།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།