ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་ནང་འགྲོ་འོང་ཐད་དམ་དྲག་ཡོད་པ་སྙན་ཐོ་བཏོན་ནས་གསལ་སྟོན་བྱས་འདུག


2020.08.06
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Mike Pompeo)་ལགས། ༢༠༢༠ ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Mike Pompeo)་ལགས། ༢༠༢༠
AFP

ཨ་མི་རི་ཀས་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་གཞི་ལག་བསྟར་གནང་པའི་ཆ་ཤས་སུ་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་ནང་འགྲོ་འོང་གི་དམ་དྲག་གནས་སྟངས་སྙན་ཐོ་བཏོན་ནས་གྲོས་ཚོགས་སུ་ཕུལ་འདུག
འདི་ཚེས་༥་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་ནང་འགྲོ་འོང་འདྲ་མཉམ་དགོས་པའི་ཁྲིམས་གཞི་དང་འབྲེལ་སྙན་ཐོ་ཐོག་མ་དེ་བཏོན་པ་ཨ་རིའི་གྲོས་ཚོགས་ལ་ཕུལ་འདུག་པ་དང་། དེའི་ནང་འདས་བའི་ཕྱི་ལོ་༢༠༡༩་ལོར་ཨ་རིའི་ཕྱི་སྲིད་ལས་དོན་ཆེད་བོད་ནང་བསྐྱོད་པའི་ཐོངས་མཆན་བཅུ་ཞུས་བའི་ཁྲོད་ལྔ་ལ་ཐོངས་མཆན་སྤྲད་མེད་སྐོར་དང་། བོད་ནང་ཕྱོགས་གང་ཐད་ནས་དམ་དྲག་ཆེ་བ་ཡོད་པ་དང་། ཨ་མི་རི་ཀའི་མི་སེར་གསར་འགོད་པ་དང་། དེ་བཞིན་གཞུང་འབྲེལ་མི་སྣ། ཡུལ་སྐོར་སྤྲོ་འཆམ་པ་སོགས་བོད་རང་སྐྱོང་ལྗོངས་ཟེར་བའི་མངའ་ཁུལ་དང་བོད་ཀྱི་ས་ཁུལ་གཞན་ཁག་གི་ནང་བསྐྱོད་རྒྱུར་རྒྱ་ནག་གིས་འཆར་གཞི་ལྡན་པའི་སྒོ་ནས་འགོག་རྐྱེན་བཟོས་ཡོད་པ་གསལ་བཏོན་གནང་འདུག
ད་དུང་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་དང་། དེ་མིན་བོད་ཀྱི་ས་ཁུལ་གཞན་ཁག་གི་ནང་འགྲོ་བསྐྱོད་ཐུབ་པའི་ཐབས་ཤེས་བྱེད་མཁན་ཨ་རིའི་ཕྱི་འབྲེལ་དཔོན་རིགས་དང་། གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ། ཡང་ན་ཨ རིའི་མི་སེར་ཡིན་པའི་བོད་མི་ཚོར་ཐོངས་ཆན་མི་སྤྲོད་པའི་དམ་དྲག་དང་དབྱེ་འབྱེད་བྱས་ནས་དཀའ་ངལ་སྤྲད་ཡོད་པ་སོགས་ཀྱི་གནས་ཚུལ་རིམ་པ་བྱུང་བའི་དཔེ་མཚོན་ཁག་ཞིབ་ཕྲ་འགྲེལ་བཤད་གནང་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་བོད་ནང་གི་རྒྱ་ནག་གི་འབྲེལ་ཡོད་ལས་ཁུངས་སུ། ཨ་རི་ནས་བོད་ནང་འགྲོ་འོང་ཆོག་པའི་ཐོངས་མཆན་གྱི་སྙན་ཞུ་འབྱོར་མ་ཐག རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་དབུས་དང་ཞིང་ཆེན་རིམ་པའི་ལས་ཁུངས། དེ་བཞིན་རྒྱ་ནག་གི་སྤྱི་བདེ་ལས་ཁུངས། བཅིངས་བཀྲོལ་དམག་གི་སྡེ་ཚན། ཕྱི་འབྲེལ་ལྷན་ཁང་སོགས་ཀྱི་སྐུ་ཚབ་ཡོད་པའི་རྒྱ་ནག་ཕྱི་འབྲེལ་ལ་དོན་ཚོགས་ཆུང་ལ་བརྡ་ལན་སྤྲད་ནས་ཨ་རིའི་མི་སྣ་བོད་ནང་བསྐྱོད་རྒྱུར་བཀག་སྡོམ་བྱེད་ཀྱི་ཡོད་པ་སྙན་ཐོ་དེའི་ནང་བཀོད་ཡོད་པ་རེད།
དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་ལ་བརྗོད་ན། ཨ་མི་རི་ཀའི་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་མི་སྣ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྐྱོད་པར་དམིགས་བསལ་ཆོག་མཆན་ཞུ་དགོས་པ་བཟོས་ཐོག རྒྱལ་སྤྱིའི་གསར་འགོད་པ་དང་ཕྱི་འབྲེལ་མི་སྣ་མང་ཆེ་བར་ཆོག་མཆན་མི་སྤྲོད་པ་དང་། ཨ་མི་རི་ཀའི་འབྲེལ་ཡོད་དཔོན་རིགས་སོགས་མི་བཅུ་ལ་བོད་ནང་བསྐྱོད་ཆོག་པའི་ཆོག་མཆན་ཞུས་པར། མི་ལྔ་ལ་མ་གཏོགས་ཆོག་མཆན་སྤྲད་མེད་པ་མ་ཟད། འདས་ལོའི་ནང་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་དང་ཁྲིན་ཏུའུ་གཞུང་ཚབ་ཡན་ལག་གི་སྤྱི་ཁྱབ་བཅས། བོད་རང་སྐྱོང་ལྗོངས་ཀྱི་ནང་བསྐྱོད་སྐབས་ས་གནས་འགོ་ཁྲིད་ཚོས་གཞོགས་འདེགས་ཡག་པོ་བྱས་ཡོད་ནའང་། ཕྱི་འབྲེལ་ལས་བྱེད་རྣམས་བོད་ཀྱི་ས་ཁུལ་དཀར་མཛེས་ཁུལ་དང་། རྔ་བ་རང་སྐྱོང་ཁུལ་དུ་བསྐྱོད་སྐབས། སྤྱི་ལོ་༢༠༡༧་དང་༡༨་ནང་བཞིན་གྱི་དོ་དམ་བཀག་ཉར་སོགས་བྱས་མེད་རུང་། རྒྱ་ནག་གི་ཉེན་རྟོག་པ་ཚོས་ཁོང་ཚོར་ཐེངས་མང་བཀག་འགོག་དང་འདྲི་ཞིབ་བྱས་ཡོད་པ་སོགས་འཁོད་འདུག་པས། སྙན་ཐོ་ལྟར་རྒྱ་ནག་གཞུང་གིས་བོད་ནང་ཕྱི་རྒྱལ་མི་སྣ་འགྲོ་རྒྱུར་བཀག་སྡོམ་དང་དམ་དྲག་ཆེ་རུ་བཏང་བ་གསལ་བོ་རེད། རྒྱ་ནག་གཞུང་གིས་བོད་དོན་སེལ་འདོད་ཀྱི་འདུན་པ་དང་། བོད་མི་ཚོར་བརྩེ་ཞེན་ཡོད་པ་ཡིན་ན། ཕྱི་གསལ་ནང་གསལ་གྱིས་ཕྱི་རྒྱལ་མི་རིགས་ཚོ་བོད་ནང་ཡོང་བཅུག་དགོས་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཐོབ་ཐང་དགོས་པའི་ཨ་རིའི་ཁྲིམས་གཞི་(RATA)་གཞིར་བཟུང་། ཐེངས་འདིའི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྙན་ཐོ་དེ་བཞིན་ཉེ་སྔོན་སྤྱི་ཟླ་༧་པའི་ཚེས་༧་ཉིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་མཆོག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འབྲེལ་མི་སྣ་འགའ་ཞིག་ཨ་མི་རི་ཀའི་ནང་འགྲོ་བསྐྱོད་མི་ཆོག་པའི་དམ་དྲག་གནང་རྒྱུའི་གསལ་བསྒྲགས་གནང་ཡོད།
ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་(Matteo Mecacci)་ལགས་ཀྱིས། ད་རེས་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་བཏོན་གནང་བའི་སྙན་ཐོ་དེས། རྒྱ་ནག་གཞུང་གིས་ཨ་རི་གཙོས་ཕྱི་རྒྱལ་མི་སྣ་བོད་ནང་འགྲོ་བསྐྱོད་ཐོག་དམ་དྲག་བྱེད་ཀྱི་ཡོད་པ་དེ་དངོས་འབྲེལ་ཡིན་པ་ར་འཕྲོད་གསལ་པོ་བྱུང་ཡོད་པ་གསུངས་ནས། རྒྱ་ནག་གི་ཕྱོགས་ནས་ཨ་རིས་གཏན་འབེབ་གནང་བའི་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་དགོས་པའི་ཁྲིམས་གཞིར་བརྩིས་མེད་ཀྱིས་ཨ་རིའི་མི་སེར་བོད་ནང་བསྐྱོད་རྒྱུར་ཐོངས་མཆན་མ་སྤྲད་པར་བཀག་སྡོམ་བྱེད་བཞིན་ཡོད་ནའང་། ཨ་མི་རི་ཀ་དང་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་གཞན་ནང་རྒྱ་ནག་གི་མི་སེར་འགྲོ་འོང་བྱ་རྒྱུའི་ཐོག་དམ་དྲག་གང་ཡང་མེད་དུས། རྒྱ་ནག་གི་བྱེད་སྟངས་དེར་ཁས་ལེན་རྩ་བ་ནས་བྱ་ཐབས་མེད་པ་འགྲེལ་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎