(RC)དུས་འགྱངས་ལོ་ལྔའི་བར་གནང་རྒྱུ།
2012.08.24
༄༅། །འདི་རིང་ཚེས་༢༤ཉིན་ཀྲ་ཡེམ་སེ་ ཨོཕ་ ཨིན་དྲ་ཡ་(Times of India) ཞེས་པའི་རྒྱ་གར་གྱི་གསར་ཤོག་ནང་གནས་ཚུལ་བཀོད་ཐོན་བྱུང་བར་ལྟར་ན། བོད་མི་ཚོའི་ཡོངས་གྲགས་སུ་ RC ཞེས་འབོད་པའི་རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་དེ་བཞིན་ད་ལྟའི་ཆར་ལོ་རེའི་མཚམས་ནས་དུས་འགྱངས་ཞུ་དགོས་ཀྱི་ཡོད་ཀྱང་། ཉེ་ཆར་དབུས་ནང་སྲིད་ལས་ཁུངས་ནས་ལོ་དུས་ལོ་ལྔའི་རིང་གནང་རྒྱུའི་ཆོག་མཆན་ཐོབ་ཡོད་པ་དང་། དེ་འདྲའི་གནས་སྟངས་འོག་ནས་རྒྱ་གར་ལྷོ་ཕྱོགས་མའེ་སོར་རྫོང་ཁོངས་སུ་གནས་སྡོད་བྱེད་མཁན་བོད་མི་ཚོ་ལའང་དེ་ལྟར་ལག་ལེན་འཁེལ་རྒྱུ་རེད་འདུག
གནད་དོན་འདིའི་སྐོར་གསར་ལས་ཁང་ནས་མའེ་སོར་རྫོང་སྡེའི་ཕྱི་མི་དེབ་སྐྱེལ་ལས་ཁུངས་ཀྱི་འགན་འཛིན་ SP R Dileep མཆོག་ལ་བཀའ་འདྲི་ཞུས་པའི་སྐབས་ཁོང་གིས། བདུན་ཕྲག་གཉིས་ཙམ་སྔོན་ལ་གོང་རིམ་ནས་བཀའ་རྒྱ་འབྱོར་ཡོད་སྟབས། བཀོད་ཁྱབ་གཞིར་བཟུང་ལག་དེབ་དུས་འགྱངས་བྱ་རྒྱུ་ཡིན་ལུགས་གསུངས་འདུག གང་ལྟར་ད་བར་བོད་མི་ཚོའི་སྐྱབས་བཅོལ་ལག་དེབ་ལོ་རེའི་ནང་དུས་འགྱངས་ཞུ་དགོས་ཀྱི་ཡོད་པ་དེ་དག་གི་དཀའ་ངལ་སེལ་ཐབས་སུ་དམིགས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་རིམ་པས་རྒྱ་གར་དབུས་གཞུང་ལ་ཞུ་སྐུལ་གནང་བར་བརྟེན། ད་རེས་གཞུང་ནས་དགོངས་བཞེས་གནང་བ་ཞིག་ཡིན་པ་རེད། འོན་ཀྱང་ཆོག་མཆན་དེ་བཞིན་རྒྱ་གར་ནང་གནས་སྡོད་བྱེད་ནས་ལོ་ཉི་ཤུ་ཕྱིན་པ་དེ་དག་གི་ཐོག་ཁྱབ་ཀྱི་ཡོད་པ་ལས་དེ་བྱིངས་རྣམས་སྔར་རྒྱུན་བཞིན་ལོ་རེའི་མཚམས་དུས་འགྱངས་ཞུ་དགོས་ཀྱི་ཡོད་ལུགས་ཀྱང་འགྲེལ་བརྗོད་གནང་འདུག