རྒྱ་ནག་ནང་སྤྱི་གླིང་ཞིག་ཏུ་སྨན་གྱི་བཟོ་གྲའི་ལས་འཆར་ལ་ངོ་རྒོལ།
2010.03.21
༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་ཤར་ཕྱོགས་ཀྲེ་ཅང་ཞིང་ཆེན་ནང་གི་མི་དམངས་བརྒྱ་ལྷག་འདུ་འཛོམས་ཀྱིས་ཁོང་ཚོའི་སྡོད་ཁྱིམ་གྱི་ཉེ་ཁྲིད་དུ་ཡོད་པའི་རང་འབྱུང་སྤྱི་གླིང་ཞིག་ནང་སྨན་གྱི་བཟོ་གྲ་འཛུགས་སྐྲུན་བྱེད་རྒྱུར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་སྐོར་ཤིང་ཧྰ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
ངོ་རྒོལ་བྱེད་མི་རྣམས་དེ་རིང་སྔ་དྲོ་ཚོུད་༡༠པར་ཀྲེ་ཅང་ཞིང་ཆེན་གྱི་ཧང་ཀྲུ་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཡོད་པའི་ཤི་ཤི་རང་འབྱུང་སྤྱི་གླིང་གི་རྒྱལ་སྒོའི་མདུན་དུ་འདུ་འཛོམས་ཀྱིས་ཁོང་ཚོས་དམིགས་བསལ་གྱིས་ཧང་ཀྲུ་གྲོང་ཁྱེར་གྱི་ཁ་རླུང་གཙང་མའི་ཐོན་ཁུངས་སྲུང་སྐྱོབ་བྱ་དགོས་ཟེར་བ་དང། སྨན་གྱི་བཟོ་གྲའི་དུག་རླངས་ལ་ངོ་རྒོལ་ཡོད་ཟེར་བའི་ཡི་གེ་བྲིས་པའི་སྟོད་ཐུང་དཀར་པོ་གྱོན་ཏེ། ཤི་ཤི་རང་འབྱུང་སྤྱི་གླིང་དེའི་ཉེ་ཁྲིད་དུ་སྨན་གྱི་བཟོ་གྲ་འཛུགས་སྐྲུན་བྱ་རྒྱུར་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་རེད། ངོ་རྒོལ་བྱེད་མི་དེ་དག་ནི་རང་འབྱུང་སྤྱི་གླིང་དེའི་ཉེ་ཁྲིད་དུ་གནས་སྡོད་བྱེད་མཁན་ཡིན་པ་དང། ངོ་རྒོལ་བྱེད་མི་རུང་མིང་ལུའུ་ཟེར་བ་ཞིག་གིས་གསར་འགོད་པར། ན་ནིང་ཕྱི་ཟླ་བཅུ་གཉིས་པའི་ནང་ཧོ་ལི་གུ་རུབ་ཟེར་བའི་ཚོང་ལས་ཁང་གིས་སྤྱི་གླིང་དེའི་ཉེ་ཁྲིད་དུ་སྨན་གྱི་བཟོ་གྲ་ཞིག་འཛུགས་སྐྲུན་བྱ་རྒྱུའི་རྨང་རྡོ་གཏིང་བའི་མཛད་སྒོ་ཚུགས་པའི་རྗེས་ད་རེས་སྤྱི་གླིང་དེའི་ཁུལ་དུ་གནས་སྡོད་བྱེད་མཁན་མི་དམངས་ཚོས་སོ་སོའི་ཐོབ་ཐང་ལོངས་སུ་སྤྱད་དེ་ངོ་རྒོལ་གྱི་ལས་འགུལ་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང། ཚོང་ལས་ཁང་དེས་སྨན་གྱི་བཟོ་གྲ་འཛུགས་སྐྲུན་བྱེད་ཡུལ་དེ་ནས་ཁོང་ཚོ་སྡོད་གནས་བར་ལ་མི་ཊར་བརྒྱ་ཕྲག་ཙམ་ལས་མེད་པ་དང། གལ་ཏེ་བཟོ་གྲ་འཛུགས་སྐྲུན་བྱས་པ་ཡིན་ཚེ། བཟོ་གྲའི་དུག་རླངས་ཀྱིས་མི་དམངས་ལ་གནོད་འཚེ་བཟོ་རྒྱུ་ཡིན་པ་བཤད་ཡོད་པ་རེད། ཧོ་ལི་གུ་རུབ་ཚོང་ལས་ཁང་དེ་ཡིས། ཁོང་ཚོས་སྨན་གྱི་བཟོ་གྲ་འཛུགས་སྐྲུན་བྱ་རྒྱུའི་ལས་དོན་འགྱུར་བ་མེད་པར་མུ་མཐུད་འཆར་གཞི་བཀོད་བཞིན་ཡོད་པའི་གསལ་བསྒྲགས་བྱས་ཡོད་ཀྱང། འཛུགས་སྐྲུན་ལས་གྲ་དངོས་གཞི་ད་ལྟ་འགོ་བཙུགས་མེད་པ་རེད། ཡིན་ནའང་ཧང་ཀྲུ་གྲོང་ཁྱེར་གྱི་ཡུའུ་ཧང་རྫོངས་ས་གནས་གཞུང་གི་དཔོན་རིགས་ཞིག་གིས། ཚོང་ལས་ཁང་དེ་ཡིས་བཟོ་གྲ་འཛུགས་སྐྲུན་བྱེད་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་གང་ཡང་ཁོང་ཚོར་སྙན་ཞུ་ལག་སོན་བྱུང་མེད་པས་ད་ལྟའི་འཆར་བཟོ་གྲའི་དུག་རླངས་ཀྱི་རྩོད་གཞི་གང་ཡང་ཡོད་པ་མ་རེད་ཅེས་བཤད་ཡོད་པ་རེད།