ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག
2012.04.01
༄༅༎ཨ་མེ་རི་ཀའི་གྲོས་ཚོགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐུགས་འཁུར་བཞེས་ཏེ་བོད་དོན་རྒྱབ་སྐྱོར་གྱི་གྲོས་མཆོད་བཞག་པ་དེར་རྒྱ་ནག་གཞུང་གིས། ཨ་རིས་བོད་དོན་ལ་ཁ་གཡར་ཏེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་པ་ངོ་རྒོལ་མཐའ་ཅིག་ཏུ་བྱ་རྒྱུ་ཡིན་ཟེར་བཤད་ཡོད་པའི་སྐོར་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
དྲ་རྒྱ་དེའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། ཕྱི་ཟླ་གསུམ་པའི་ཚེས་༢༨ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་པའི་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་ལ། གསར་འགོད་པ་ཞིག་གིས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧུང་ལེས་ལ།
ཕྱི་ཟླ་གསུམ་པའི་ཚེས་༢༧ རེས་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་བོད་ཀྱི་གནད་དོན་དང་འབྲེལ་བའི་ཐོག་ལ་གྲོས་ཆོད་བཞག་སྟེ། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་བྱས་པ་དེར་རྒྱ་ནག་གི་ཕྱོགས་ནས་ལྟ་ཚུལ་ཇི་ལྟར་འཛིན་གྱི་ཡོད་དམ་ཅེས་སྐད་ཆ་དྲིས་པ་དང༌། སྐབས་དེར་ཧུང་ལེས་ཀྱིས། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁ་ཤས་ཤིག་གིས་ཡིན་མིན་གོ་ལྡོག་དང་དཀར་ནག་ཕྱིན་ཅི་ལོག་ནས་བོད་ཀྱི་གནད་དོན་ལ་ཁ་གཡར་ཏེ་རྒྱ་ནག་ནང་སྲིད་ལ་ཐེ་ཇུས་བྱས་པར་མཐའ་ཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཟེར་བཤད་པ་མ་ཟད། ད་དུང་རྒྱ་ནག་གཞུང་ཕྱོགས་ནས། མི་རིགས་ཁག་གི་མི་དམངས་ཚོའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་པ་དང་ཆོས་ལུགས་ཐད་ཆོས་དད་རང་དབང་ལ་འགན་ལེན་བྱེད་ཀྱི་ཡོད་པས། ཨ་མེ་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་དེ་དག་གིས་དོན་དངོས་གསལ་པོ་ཤེས་རྟོགས་ཐུབ་པ་བྱེད་རྒྱུ་དང༌། ཕྱོགས་ཞེན་གྱི་ལྟ་ཚུལ་དོར་ཏེ་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་བྱ་ཐབས་ཚང་མ་མཚམས་འཇོག་བྱས་ཏེ། རྒྱ་ནག་དང་ཨ་རིའི་འབྲེལ་བ་ལ་ཕན་པ་ཡོད་པའི་ལས་དོན་མང་ཙམ་སྒྲུབ་དགོས་པས་ཕན་ཚུན་རྒྱབ་འགལ་བྱ་རྒྱུ་མེད་ཅེས་བཤད་ཡོད་པ་རེད་ཅེས་བཀོད་ཡོད་པ་རེད།།