སུད་སི་གྲོང་ཁྱེར་ཇི་ནི་ལྦའི་ནང་རྒྱལ་སྤྱིའི་རྒྱ་བོད་ལྷན་ཚོགས།
2009.08.09
༄༅༎བཙན་བྱོལ་བོད་གཞུང་དྲ་རྒྱའི་ཐོག་ཕྱི་ཚེས་དགུ་ཉིན་གནས་ཚུལ་སྤེལ་བར་ལྟར་ན་ཕྱི་ཟླ་བརྒྱད་པའི་ཚེས་དྲུག་ནས་བརྒྱད་བར་ཉིན་གྲངས་གསུམ་རིང་སུད་སི་གྲོང་ཁྱེར་ཇི་ནི་ལྦའི་ནང་རྒྱལ་སྤྱིའི་རྒྱ་བོད་ལྷན་ཚོགས་ཚུགས་ནས་བོད་རིགས་དང་རྒྱ་རིགས་མཁས་དབང་དང་རྩོམ་པ་པོ་སོགས་མི་གྲངས་བརྒྱ་གྲངས་མཉམ་བཞུགས་གནང་སྟེ་ཉིན་གྲངས་གསུམ་རིང་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་ཐབས་ལམ་འཚོལ་ཞིབ་ཐོག་ཕན་ཚུན་དགོངས་ཚུལ་སྤེལ་རེས་གནང་ཡོད་པ་དང་ཕྱི་ཚེས་བརྒྱད་ཉིན་ལྷན་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོའི་ཐོག་མཐུན་མོང་གི་དོན་ཚན་ཆེ་བ་ཞི་འཁོད་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཡོད་པ་དང་གྲོས་ཆོད་དེ་བཞིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་སློབ་གྲྭ་ཆེན་མོའི་ཆབ་སྲིད་དགེ་རྒན་ཆེན་པོ་སྐུ་ཞབས་ཤདའ་མིང་གིས་ཚོགས་འདུའི་ཐོག་སྒྲོག་སྦྱང་གནང་ཡོད་པ་རེད། ད་རེས་ཀྱི་རྒྱ་བོད་ལྷན་ཚོགས་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་སྤྱིའི་སྤྱི་ཚོགས་དང་ཕྱི་རྒྱལ་ཁག་ནང་ཡོད་པའི་རྒྱ་མི་རིགས་ཀྱི་སྤྱི་ཚོགས་ཀྱིས་བོད་ཀྱི་རིག་གཞུང་དང་བོད་མིའི་འཚོ་བའི་གནས་སྟངས་ཉེན་ཚབ་ངང་གནས་བཞིན་པའི་སྐོར་ཤེས་རྟོགས་ཟབ་ཏུ་འགྲོ་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་ཆབ་སྲིད་དབང་ཤུགས་ཀྱི་བཙན་གནོན་ཕོག་བཞིན་པའི་གནས་སྟངས་སེལ་ཐབས་སུ་ཚང་མས་འབད་རྩོན་གནང་རྒྱུ་སོགས་ཀྱི་ཆེད་སྤེལ་བ་ཞིག་ཡིན་པའི་སྐོར་ཚོགས་འདུའི་ཐོག་གསུང་བཤད་གནང་མཁན་གྲས་རྒྱ་མི་རིགས་མཁས་དབང་ཚོས་གསུངས་ཡོད་ཅིང་ཉིན་གྲངས་གཉིས་རིང་ཚོགས་ཆུང་དུ་འགོས་ནས་ཕན་ཚུན་བསམ་ཚུལ་སྤེལ་རེས་གནང་བའི་སྐབས་ལ་ཡང་ཚོགས་བཞུགས་རྒྱ་རིགས་ཤིག་གིས་རྒྱ་ནག་གཞུང་གི་ཁ་བྲལ་ལ་ངོ་རྒོལ་གྱི་ལས་འགུལ་དེའི་ནང་ལས་བྱེད་མི་གྲངས་ཁྲི་བཞི་བཅུ་ལྷག་ཙམ་གི་འཚོ་བར་འབྲེལ་བ་ཡོད་པ་དང་གལ་སྲིད་རྒྱ་ནག་དབུས་གཞུང་དང་བཙན་བྱོལ་བོད་གཞུང་དབར་གྱི་གྲོས་མོལ་ལེགས་སྒྲུབ་བྱུང་ཚེ་གོང་ཞུས་མི་སྣ་དེ་ཚོ་ལམ་སེང་ལས་ཤོར་མི་སྣར་འགྱུར་རྒྱུ་ཡིན་པར་བརྟེན་གྲོས་མོལ་གྱི་ལམ་བུ་དེར་བཀག་འགོག་བྱེད་མཁན་ཡང་མི་ཉུང་བ་ཞིག་ཡོད་པའི་སྐོར་བཏོན་གནང་ཡོད་འདུག ཡང་གཞན་ཞིག་གིས་ཁོང་རང་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་མིན་པ་དང་ཡིན་ནའི་བོད་མིའི་ཆོས་དང་རིག་གཞུང་ཐོབ་ཐང་སྲུང་སྐྱོབས་ལ་རྒྱབ་སྐྱོར་ཞུ་གི་ཡོད་ཅིང་ཁོང་བོད་ལ་ཕེབས་མྱོང་ཡོད་པ་དང་ང་ཚོས་བོད་ཀྱི་དོངས་ཡོད་གནས་སྟངས་ཡིག་ཐོག་ནས་ཞི་རྒྱ་ཆེ་བ་དང་རྒྱུན་ཆད་མེད་པས་དྲིས་ནས་ཕྱིར་བསྒྲགས་བྱས་ཏེ་རྒྱ་ནག་གཞུང་གིས་མི་རིགས་རིང་ལུགས་ཀྱི་དྲིལ་བསྒྲགས་རིགས་དེ་ཚོ་བཀག་འགོག་ཐུབ་པ་དགོས་པའི་སྐོར་སོགས་གསུངས་ཡོད་པ་རེད།