བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རི་ཆ་དྲི་གིཡར་ནས་བཀའ་སློབ།
2009.03.10
༄༅༎ཨ་མི་རི་ཀའི་གྲོས་ཚོགས་ནང་སྣེ་ལེན་ཞིག་གོ་སྒྲིགས་ཞུས་པའི་ཐོག་བོད་དོན་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་རི་ཆ་དྲི་གིཡར་མཆོག་ཀྱང་ཆེད་མངགས་ཕེབས་ནས་བོད་དོན་རྒྱབ་སྐྱོར་སྔར་ལྷག་ཡོང་བའི་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ལ་འབོད་སྐུལ་ཞུས་པ་མ་ཟད་བོད་མི་རྣམས་ལ་དམིགས་བསལ་གྱི་བརྡ་ལན་ཞིག་ཀྱང་གནང་འདུག
ཕྱི་ཚེས་དགུ་ཡི་ཕྱི་དྲོ་ཨ་རིའི་གྲོས་ཚོགས་ནང་འདི་ག་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་ནང་ཡོད་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཨ་རིའི་ནང་ཡོད་པའི་བོད་མིའི་སྤྱི་མཐུན་ཚོགས་པ་ཁག་མཉམ་འབྲེལ་ཐོག་ནས་སྣེ་ལེན་ཞིག་གོ་སྒྲིགས་ཞུས་པའི་ཐོག་ཨ་རིའི་གློག་བརྙན་སྒྱུ་རྩལ་འཁྲབ་མཁན་སྙན་གྲགས་ཅན་རི་ཆ་དྲི་གིཡར་ལགས་ཀྱིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་འཐུས་མི་རྣམས་ཀྱིས་བོད་དོན་རྒྱབ་སྐྱོར་ཆེན་པོ་གནང་གི་ཡོད་སྟབས་དེང་སྐབས་འཛམ་གླིང་ཁྱོན་ཡོངས་ནང་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད་རུང་བཙན་བྱོལ་བོད་མི་རྣམས་ལ་ཨ་རིའི་གཞུང་ངོས་ནས་རོགས་དངུལ་གནང་རྒྱུ་ཁག་གཅག་རྩིས་ཀྱི་ཚབ་ཏུ་ཇེ་མང་དུ་བཏང་སྐོར་བཀའ་གནང་ཡོད་པ་མ་ཟད་བོད་ནང་གི་བོད་མི་རྣམས་ལ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་བརྒྱུད་ནས་དམིགས་བསལ་བརྡ་ལན་ཞིག་གནང་ཡོད་པ་དང་བོད་མི་རྣམས་ཀྱིས་མཁྱེན་རྟོགས་དགོས་པ་གལ་ཆེ་ཤོས་ཤིག་ནི་བོད་མི་རྣམས་ཀྱིས་ཡིད་ཆེས་དང་བློ་འགེལ་ཆོག་པའི་དེ་གྲོགས་པོ་དེ་སྔ་ཡང་ཡོད་པ་དང་ད་ལྟ་ཡང་གྲོགས་པོ་ཡོད་རེད་ལ་མ་འོངས་པ་ཡང་གྲོགས་པོ་ཡོང་གི་རེད། ཡིན་ནའི་དེ་ཟེར་དུས་བོད་ནང་གི་གནས་སྟངས་ཡོངས་རྫོགས་ཕྲལ་དུ་བསྒྱུར་བ་འགྲོ་རྒྱུ་མིན་ན་ཡང་ཕུག་རྒྱང་རིང་པོ་དང་ངང་སྒུག་ཆེན་པོའི་སྒོ་ནས་ད་ལྟའི་བོད་ནང་གི་མུན་ནག་གནས་སྟངས་དེ་མེད་པ་ཆག་རྒྱུར་ཁོང་གིས་ཡིད་ཆེས་བརྟན་པོ་ཡོད་སྐོར་བཀའ་གནང་འདུག།