འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་༢༠༠༩ལོའི་སྙན་ཐོ།
2010.01.21
༄༅༎ཨ་མི་རི་ཀའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་བལྟ་ཞིབ་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་ཁ་ཉིན་གཟའ་ལྷག་པའི་ཉིན་ཕྱི་ལོ་༢༠༠༩ལོའི་ནང་གི་འཛམ་གླིང་སྤྱི་དང་དམིགས་སུ་བཀར་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་སྙན་ཐོ་ཞིག་འཛམ་གླིང་གི་ཁྱོན་ལ་འགྲེམས་སྤེལ་བྱས་ཡོད་པ་རེད་ སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་གཞུང་གི་སྲིད་བྱུས་དང་ ལངས་ཕྱོགས་སོགས་དང་ལྟ་བ་ཐ་དད་འཛིན་མཁན་ཚོར་མངོན་གསལ་དོད་པོའི་ཐོག་ནས་བསུན་བཙིར་བཟོ་བ་དང་ཁྲིམས་ལུགས་དང་མི་མཐུན་པར་དོ་དམ་བཀག་ཉར་བྱེད་པ་ གཞུང་གི་སྲིད་བྱུས་ཐད་ལ་སྐྱོན་བརྗོད་དང་རྙོག་གླེང་རིགས་མི་སློང་བའི་དོན་དུ་ཁྲིམས་རྩོད་པ་ཚོའི་ལག་ཁྱེར་གསར་བཟོ་བྱ་རྒྱུའི་ཐོབ་ཐང་མི་སྤྲོད་པར་བཀག་པ་དང་ ཁྲིམས་གཏུགས་ཞིབ་བཤེར་བྱ་རྒྱུའི་ཐོབ་ཐང་བརྩི་མེད་བཏང་བ་ རྒྱ་ནག་གཞུང་ལ་བདེ་སྡུག་སྐྱབས་འཇུག་ཞུ་བར་བཅར་མཁན་རིགས་བཙོན་ཁང་ནག་པོ་ཞེས་པའི་བཀག་ཉར་ཁང་ནང་དོ་དམ་བྱས་དང་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་དཔེ་མཚོན་དང་སྦྲགས་གསལ་བཤད་བྱས་ཡོད་པ་རེད་ དེ་དང་དུས་མཚུངས་ཨ་མི་རི་ཀ་དང་ཡོ་རོབ་སྤྱི་མཐུན་སོགས་ཀྱིས་ཀྱང་སྔར་གྱི་ལངས་ཕྱོགས་དང་མི་འདྲ་བར་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་ཞུ་རྒྱུའི་ཐབས་བྱུས་འཇམ་དུ་བཏང་བ་དང་ཨ་མི་རི་ཀའི་སྤྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་གྱིས་ཀྱང་
སྔ་ལོ་ཨ་མི་རི་ཀ་དང་རྒྱ་ནག་དབར་གྱི་འབྲེལ་བ་བཟང་དུ་གཏོང་རྒྱུའི་ཐབས་བྱུས་ཐོག་འགྲོ་བ་མིའི་ཐོབ་ཐང་གནད་དོན་གྱིས་ཐེ་བྱུས་བྱ་རྒྱུ་མེད་ལུགས་བརྗོད་པ་དང་ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་མ་གནང་བ་དང་ན་ནིང་ལོའི་ཕྱི་ཟླ་༡༡ནང་རྒྱ་ནག་ཏུ་གཞུང་འབྲེལ་གཟིགས་བསྐོར་གནང་སྐབས་རྒྱ་ནག་གི་སྲིད་འཛིན་ལྷན་དུ་བཀའ་མོལ་གནང་སྐབས་འགྲོ་བ་མིའི་ཐོབ་ཐང་སྐོར་གནད་དོན་གཙོ་བོའི་གྲས་སུ་འཇོག་མ་གནང་བ་སོགས་དཔེ་མཚོན་བཏོན་ཡོད་པ་རེད།