རྒྱ་གཞུང་གིས་བོད་མིར་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ།
2012.01.15
༄༅༎རྒྱ་ནག་གཞུང་གིས་མདོ་སྨད་ཀིརྟི་དགོན་པ་གཙོས་པས་མདོ་སྟོད་སྨད་ཁུལ་གྱི་བོད་མིའི་ཐོག་མནར་གཅོད་དང་དམ་དྲག་ཅན་གྱི་སྲིད་བྱུས་མུ་མཐུད་ལག་ལེན་བསྟར་བའི་ཉེར་ལེན་ལ་བརྟེན་ནས་མཐར་བཟོད་བསྲན་བྲལ་ཏེ་ བོད་ནང་གི་བོད་མིའི་ཁྲོད་ནས་དགེ་བཙུན་རྣམས་ཀྱིས་གཅིག་རྗེས་གཉིས་འཐུད་ངང་ རང་ལུས་མེར་བསྲེགས་གཏོང་དགོས་ཆགས་པའི་གནས་ཚུལ་རིམ་པས་ཐོན་བཞིན་པ་རེད་ རྒྱ་ནག་གཞུང་ཕྱོགས་ནས་བོད་མིའི་རང་དབང་དང་ཐོབ་ཐང་ཐོག་བརྩི་མེད་བྱས་ཅིང་དམ་དྲག་གཏོང་ཤུགས་ཆེ་རུ་གཏོང་བཞིན་པར་བརྟེན་ དཔེར་ན་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་རྟེན་གཞི་བྱས་པའི་བོད་རང་བཙན་ལས་འགུལ་ཚོགས་པ་ལ་སོགས་པའི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དོན་དུ་གཉེར་བཞིན་པའི་སྒྲིག་འཛུགས་ཁག་གིས་བོད་མིའི་མངོན་འདོད་མཚོན་པའི་ལས་འགུལ་ཐོག་རྒྱ་ནག་གཞུང་གིས་བཟོད་སྒོམ་གནང་རྒྱུའི་སྲིད་བྱུས་བཟུང་དགོས་པའི་རྫ་དྲག་གི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད་ གལ་ཏེ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱ་རྒྱུ་མཚམས་འཇོག་མ་བྱས་ཚེ་གནས་ཚུལ་གྱི་ངོ་བོ་དང་ གནས་སྟངས་རྫ་དྲག་ཏུ་ཕྱིན་ཏེ་མངའ་ཁུལ་གྱི་བོད་་མི་ཚོའི་ཐོག་ཚབས་ཆེའི་ཤུགས་རྐྱེན་སླེབས་སྲིད་པ་རེད་ཞེས་ཉེན་བརྡ་གཏོང་བཞིན་དུ་ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གཟའ་སྤེན་པའི་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ རྒྱ་ནག་གཞིུང་གིས་བོད་མིའི་ཐོག་བཟོད་བསྲན་ཅན་གྱི་སྲིད་བྱུས་དང་ཐབས་ལམ་ལག་ལེན་བཀེལ་དགོས་ཞེས་གནོན་ཤུགས་སྤྲོད་དགོས་པའི་སྐུལ་འདེད་གནང་ཡོད་པ་རེད།