རྒྱ་གར་ནང་རྟ་མཆོ་ཁ་འབབ་སྐམ་འགྲོ་བཞིན་ཡོད་པ།
2012.03.04
༄༅༎རྒྱ་གར་གྱི་བྱང་ཤར་ཨེ་སོམ་ས་གནས་སློབ་ཕྲུག་མཐུན་ཚོགས་ཀྱིས་བོད་ཀྱི་གཙང་ཆུའི་ཐོག་རྒྱ་ནག་གཞུང་གིས་ཆུ་མཛོད་མང་པོ་འཛུགས་སྐྲུན་བྱས་པ་དེ་ཡིས་རྟ་མཆོག་ཁ་འབབ་གཙང་ཆུའི་བརྒྱུད་ཀྱི་རྒྱ་གར་གྱི་གཙང་པོ་སྐམ་འགྲོ་བ་དེ་འགོག་ཐབས་ལ་རྒྱ་གར་གཞུང་ཕྱོགས་ནས་དོ་འཁུར་གནང་མེད་པའི་ངོ་རྒོལ་བྱས་ཡོད་པའི་སྐོར་རེས་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་གསར་ཤོག་རྒྱ་གར་གྱི་དུས་བབ་ཅེས་པའི་ཐོག་བཀོད་ཡོད་པ་རེད།
ཨེ་སོམ་སློབ་ཕྲུག་མཐུན་ཚོགས་ཀྱི་ས་གནས་ཇོར་ཧཏ་ནང་དུ་ཡོད་པའི་ཡན་ལག་ཚོགས་པས། ཕྱི་ཟླ་གསུམ་པའི་ཚེས་༣ རེས་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་གི་འདྲ་གཟུགས་མེ་བསྲེག་བཏང་སྟེ། རྒྱ་ནག་གཞུང་གིས་བོད་ཀྱི་གཙང་ཆུའི་ཐོག་ཆུ་མཛོད་འཛུགས་སྐྲུན་བྱས་ཏེ་རྒྱ་གར་གྱི་རིག་གཞུང་དང་འབྲེལ་བའི་བོད་ཀྱི་ཆུ་ཆེན་བཞིའི་ནང་གི་རྟ་མཆོག་ཁ་འབབ་ཆུ་བརྒྱུད་དུ་ལྡོགས་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་བཞིན་པ་དེར་རྒྱ་གར་གཞུང་ཕྱོགས་ནས་རྒྱ་ནག་གི་འཛུགས་སྐྲུན་ལས་གཞི་འགོག་ཐབས་ཀྱི་སྲིད་ཇུས་གང་ཡང་ལག་བསྟར་བྱས་མེད་པའི་ངོ་རྒོལ་བྱས་པ་མ་ཟད། ད་དུང་ཚོགས་པ་དེས། རྒྱ་ནག་གཞུང་གིས་བོད་ཀྱི་གཙང་ཆུའི་ཆུ་མཛོད་འཛུགས་སྐྲུན་བྱེད་པ་དེ་ཡིས་ཨ་རུ་ན་ཅལ་མངའ་སྡེའི་ནང་གི་སིཡང་རྫོང་ནང་དུ་རྒྱུགས་པའི་སིཡང་གཙང་ཆུ་དེ་ནི་ཟླ་བ་གཅིག་གི་གོང་ཙམ་ནས་རྒྱུན་ལྡན་མ་ཡིན་པར་མངོན་གསལ་འདོད་པོ་སྐམ་འགྲོ་བ་མ་ཟད། སིཡང་གཙང་ཆུ་དེའི་ཡོངས་ཁུངས་གཙོ་བོ་གཅིག་རྟ་མཆོག་འབབ་གཙང་ཆུ་ཡིན་པས། རྟ་མཆོག་ཁ་འབབ་གཙང་ཆུར་དུས་ཚོད་མྱུར་པོའི་ནང་དཀའ་ངལ་དུ་འགྱུར་རྒྱུ་ཡིན་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་ཅིང༌། དེ་ཡང་ཚོགས་པ་དེའི་ཚོགས་གཙོ་སིལྦ་ཀ་ལི་ཊ་ཡིས། ཁོང་ཚོའི་སིཡང་གཙང་ཁུའི་ཐོན་ཁུངས་གཙོ་བོ་དེ་བོད་ནས་ཡིན་པ་དང༌། འོན་ཀྱང་ང་ཚོས་སིཡང་གཙང་ཆུ་མྱུར་པོ་སྐམ་འགྲོ་བ་དེ་འདྲ་དེ་སྔོན་རྩ་བ་ནས་མཐོང་རྒྱུ་མེད། དེའི་རྒྱུ་རྐྱེན་ནི་བོད་ནང་དུ་ཆུ་མཛོད་ཕན་མེད་མང་པོ་འཛུགས་སྐྲུན་བྱས་པའི་ཤུགས་རྐྱེན་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་རྒྱ་གར་གཞུང་གིས་མུ་མཐུད་རྟ་མཆོག་ཁ་འབབ་ཀྱི་གཙང་ཆུ་གནོད་སྐྱོན་ཚབས་ཆེ་རུ་མི་འགྲོ་བའི་བྱ་ཐབས་ཤིག་ལག་བསྟར་བྱ་དགོས་ངེས་རེད་ཅེས་གསུང་ཡོད་པ་རེད།།