རྒྱ་ནག་དང་ར་ཤི་ཡ་ཡི་མཉམ་འབྲེལ་དམག་སྦྱོང༌།
2009.07.21
༄༅༎ཉེ་ཆར་ཤར་ཏུར་ཀི་སི་ཐན་ནང་ཡུ་གུར་མི་རིགས་ཀྱི་དྲག་པོའི་དོན་རྐྱེན་བྱུང་བའི་རྗེས་རྒྱ་ནག་དང་ར་ཤི་ཡའི་ཡུལ་གྲུ་གཉིས་བར་ལ་གཞི་རྒྱ་ཆེ་བའི་དམག་རྩལ་སྦྱོང་བརྡར་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་དེ་ནི་གཙོ་བོ་འཇིགས་སྐུལ་རིང་ལུགས་པ་དང་གྲངས་ཉུང་མི་རིགས་ཀྱི་ཁ་བྲལ་རིང་ལུགས་པར་གདོང་ལེན་བྱ་རྒྱུའི་སྦྱོང་བརྡར་ཞིག་ཡིན་པ་ཤིན་ཧའ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་རྒྱ་ནག་མི་དམངས་བཅིང་འགྲོལ་དམག་གི་ཉིན་རེའི་གསར་ཤོག་ཐོག་ལ་ཡུལ་གྲུ་གཉིས་བར་ལ་དེ་སྔ་ཕྱི་ལོ་ཉིས་སྟོང་ལྔ་དང་ཉིས་སྟོང་བདུན་སོ་སོར་ཟུང་འབྲེལ་གྱིས་དམག་རྩལ་སྦྱོང་བརྡར་བྱས་པ་བཞིན་འདི་ལོའི་སྦྱོང་བརྡར་དེ་ནི་རེས་གཟའ་ཕུར་བུ་ནས་འགོ་བཙུགས་ཏེ་ཉིན་གྲངས་ལྔའི་རིང་གི་ལས་གཞི་ཞིག་ཡིན་པ་དང་དེ་ནི་ཕྱི་ལོ་ཉིས་སྟོང་དགུ་ལོའི་བྱེད་སྒོ་ཞེས་བཏགས་ཏེ་སྦྱོང་བརྡར་གྱི་བྱེད་སྒོ་དེའི་ནང་དུ་གནམ་དམག་གི་རྩལ་རྣམ་གྲངས་མི་འདྲ་བ་ཡོད་པ་དང་དེ་ནི་ཡུལ་གྲུ་གཉིས་བར་གྱི་གཞི་རྒྱ་ཆེ་བའི་བྱེད་སྒོ་ཞིག་ཡིན་པ་མ་ཟད་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པ་དང་གྲངས་ཉུང་མི་རིགས་ཀྱི་ཁ་བྲལ་རིང་ལུགས་པ།ཆོས་ལུགས་འཐེན་འཁྱེར་རིང་ལུགས་པའི་ཐད་ཁ་གཏད་གདོང་ལེན་བྱ་ཕྱོགས་ཐོག་སྦྱོང་བརྡར་བྱ་རྒྱུ་ཡིན་པ་བཤད་ཡོད་པ་རེད། དམག་རྩལ་གྱི་སྦྱོང་བརྡར་གྱི་བྱེད་སྒོ་དེ་ནི་རྒྱལ་ཁབ་གཉིས་བར་གྱི་ས་མཚམས་ས་ཁུལ་གྱི་ཉེ་འཁྲིས་སུ་ཡོད་པའི་རྒྱ་ནག་གི་བྱང་ཤར་ཅི་ལིན་ཞིང་ཆེན་གྱི་དམག་རྩལ་སྦྱོང་བརྡར་རྟེན་གཞི་ཁང་དུ་ཡིན་ཞིང་བྱེད་སྒོ་དེའི་ནང་དུ་རྒྱལ་ཁག་སོ་སོ་ནས་དམག་མི་ཆིག་སྟོང་གསུམ་བརྒྱ་ལྷག་དང་ར་ཤི་ཡའི་ཕྱོགས་ནས་གནམ་དམག་ཉི་ཤུ་དང་རྒྱ་ནག་ཕྱོགས་གནམ་དམག་བཞི་ཅུ་མཉམ་ཞུགས་བྱས་ཏེ་གོ་མཚོན་ཐོགས་པའི་གནམ་དམག་དང་ཐད་འཕུར་གནམ་གྲུ།དམག་མི་སྐྱེལ་འདྲེན་གྱི་གནམ་གྲུ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པའི་སྐོར་བཀོད་ཡོད་པ་རེད།