རྒྱ་གར་ཆབ་སྲིད་ཚོགས་པའི་སྐུ་ཚབ་ཁག་རྒྱ་ནག་ཏུ་འཚམས་འདྲི།
2009.01.05
༄༅༎དེ་ཡང་རྒྱ་གར་གྱི་པི་ཀྲི་ཨའེ་ཞེས་པའི་གསར་འགྱུར་བརྒྱུད་ལམ་ནས་གནས་ཚུལ་བཏོན་པ་ཞིག་ཕ་ཡུལ་དྲ་གནས་སུ་ཁ་ས་ལུང་འདྲེན་བྱས་པར་ལྟར་ན་རྒྱ་གར་གྱི་སྦི་ཇེ་པི་ཞེས་པའི་ཆབ་སྲིད་ཚོགས་པ་དང་དབུས་མ་ཧ་ར་ཤེ་ཀྲ་རེའི་མངའ་སྡེའི་ནང་རྟེན་གཞི་བྱེད་པའི་ཤིལྦ་སེ་ན་ཞེས་པའི་ཚོགས་པ།དེ་བཞིན་ཧིན་རྡུའི་ལྟ་བ་མཁྲེགས་པོ་འཛིན་མཁན་ཨར་ཨེས་ཨེས་ཞེས་པའི་ཚོགས་པ་བཅས་ཀྱི་སྐུ་ཚབ་ཁག་ཅིག་རྒྱ་ནག་གུང་བྲན་ཚོགས་པའི་མགྲོན་འབྲོད་ལྟར་ཁ་ས་རྒྱལ་ས་པེ་ཅིང་དུ་ཕེབས་འབྱོར་བྱུང་ཡོད་འདུག
སྐུ་ཚབ་ཚོགས་པ་དེའི་འགོ་འཁྲིད་ཤིལྦ་སེ་ནེའི་འགོ་འཁྲིད་རྒན་གྲས་སྦ་སྦ་ས་ཧེབ་ཨབ་ཀྲེ་མཆོག་ནས་གནང་གི་ཡོད་པ་དང་སྐུ་ཚབ་ཚོགས་ཆུང་དེའི་ནང་དེ་སྔའི་བློན་ཆེན་ཟུར་པ་སུ་རེཤ་པ་ར་སྦུ་ཡང་ཡོད་པ་དང་གྲོས་ཚོགས་གོང་མའི་འཐུས་མི་ཅན་དན་མི་ཏ་ར།དེ་བཞིན་ཨར་ཨེས་ཨཻས་ཚོགས་པའི་བློན་ཆེན་ཟུར་པ་སྐུ་ཞབས་སུ་རེཤ་པ་ར་སྦུས་འགྲེལ་བརྗོད་གནང་བར་ལྟར་ན་ཁོང་རྣམས་རྒྱ་ནག་གི་དཔོན་རིགས་ཚོ་དང་མཇལ་འཕྲད་གནང་བའི་སྐབས་ཡུལ་གཉིས་ཀྱི་རྩོད་ཅན་གྱི་ས་མཚམས་སྐོར་དང་དེ་བཞིན་བོད་ཀྱི་གནད་དོན་སྐོར་ལའང་གྲོས་མོལ་གནང་རྒྱུ་ཡིན་འདུག
གསར་འགྱུར་བརྒྱུད་ལམ་དེའི་ནང་གནས་ཚུལ་བཀོད་པར་ལྟར་ན་ད་བར་རྒྱ་གར་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚན་པ་ཁག་ནས་རྒྱ་ནག་ལ་འཚམས་འདྲི་གནང་ཡོད་ཀྱང་འདི་ལྟབུའི་ཧིན་རྡུའི་ལྟ་བ་མཁྲེགས་པོར་འཛིན་མཁན་གྱི་ཚོགས་པ་ཐུན་མོང་གི་སྐུ་ཚབ་རྒྱ་ནག་ལ་འཚམས་འདྲིར་ཕེབས་པ་ད་རེས་ཐོག་མ་དེ་ཆགས་ཀྱི་ཡོད་འདུག