རྒྱ་ནག་ནང་བྱེ་མའི་རླུང་འཚུབ་ཤུགས་ཆེ་བྱུང་ཡོད་པའི་གནས་ཚུལ།
2010.03.22
༄༅༎རྒྱ་ནག་ནང་བྱེ་མའི་རླུང་འཚུབ་ཤུགས་ཆེ་བྱུང་སྟེ་ས་གནས་མི་མང་ཚོའི་གཟུགས་གཞིའི་བདེ་ཐང་ལ་ཉེན་ཚབས་བཟོ་སྲིད་པར་བརྟེན་ཁ་རས་རྒྱབ་དགོས་པའི་ཉེན་བརྡ་གཏོང་བཞིན་ཡོད་པ་རེད་།
གཟའ་སྤེན་པའི་ཉིན་པེ་ཅིན་གྲོང་ཁྱེར་བརྒྱུད་དུ་བྱེ་མའི་རླུང་འཚུབ་ཆེན་པོ་བརྒྱབ་པའི་རྗེས་དེ་རིང་གཟའ་ཟླ་བའི་ཉིན་བསྐྱར་དུ་བྱེ་མའི་རླུང་འཚུབ་ཤུགས་ཆེ་རྒྱབ་ནས་གྲོང་ཁྱེར་གྱི་ཐོག་རྩེགས་ཅན་གྱི་ཁང་པ་ཡང་རླུང་འཚུབ་ཀྱིས་མཐོང་རྒྱུ་མེད་པར་གྱུར་ཡོད་ཅིང་རྒྱ་ནག་གནམ་གཤིས་སྔོན་བརྡ་ལས་ཁང་གི་དྲ་རྒྱའི་ཐོག་བརྡ་ཁྱབ་སྤེལ་བའི་ནང་རླུང་འཚུབ་བྱུང་སའི་ས་གནས་མི་མང་ཚོས་ཁང་པའི་སྒོ་དང་སྒེའུ་ཁུང་སོགས་བརྟན་པོ་རྒྱབ་རྒྱུ་དང་ཕྱི་ལ་བསྐྱོད་པའི་སྐབས་ཁ་རས་དང་མགོ་རས་སོགས་གྱོན་ནས་རླུང་འཚུབ་ཀྱི་ཁྲོད་ནས་ཡོང་བའི་གནོད་ཚབས་ཡོད་པའི་ཐལ་བའི་རིགས་གཟུགས་གཞིའི་ནང་མི་འགྲོ་རྒྱུའི་སྔོན་འགོག་བྱེད་དགོས་ལུགས་འཁོད་ཡོད་པ་དང་ རྒྱ་ནག་གནམ་གཤིས་བརྟག་དཔྱད་ལས་ཁང་གི་མགྲིན་ཚབ་པས་བརྗོད་ན་ གཟའ་སྤེན་པའི་ཉིན་བྱེ་མའི་རླུང་འཚུབ་ཀྱིས་བྱེ་མ་ཤུལ་ལྷག་མང་པོ་ཞིག་བསྡད་ཡོད་པའི་ཁར་གཟའ་ཟླ་བའི་ཉིན་བསྐྱར་དུ་རླུང་འཚུབ་བྱུང་བ་དེས་པེ་ཅིན་གྲོང་ཁྱེར་གྱི་འཕྲོད་བསྟེན་འཁོར་ཡུག་ལ་ཉེན་ཚབས་བཟོ་གཞི་ཞིག་ཆགས་ཡོད་པ་བརྗོད་འདུག ཡིན་ནའི་བྱེ་མའི་རླུང་འཚུབ་དེ་བཞིན་གཟའ་ཟླ་བའི་དགོང་མོ་ལྷོ་ཤར་ས་ཕྱོགས་སུ་བསྐྱོད་ཀྱི་ཡོད་པར་བརྟེན་པེ་ཅིན་གྲོང་ཁྱེར་གྱི་གནས་སྟངས་བཟང་དུ་འགྲོ་སྲིད་པ་གནམ་གཤིས་བརྟག་དཔྱད་ལས་ཁང་གིས་ཚོད་རྩིས་བྱེད་བཞིན་ཡོད་འདུག ད་ལོ་དཔྱིད་ཀའི་རླུང་འཚུབ་དེའི་ཤུགས་རྐྱེན་ཧ་ཅང་རྒྱ་ཆེན་པོ་བྱུང་ཡོད་པ་དང་པེ་ཅིན་གྲོང་ཁྱེར་ཙམ་མ་ཟད་ཤིན་ཅང་དང་ ཉིང་ཤག་ ཀན་སུའུ་ ནང་སོག་ མཚོ་སྔོན་ ཧུའུ་བད་སོགས་དང་ཐ་ན་རྒྱ་ནག་གི་ཧང་ཀྲུའུ་དང་ཐའེ་ལྦན་ཁུལ་དུ་ཡང་ཤུགས་རྐྱེན་བྱུང་ཡོད་པ་རེད་ རྒྱ་ནག་གནམ་གཤིས་སྔོན་བརྡ་ལས་ཁང་གིས་མ་འོངས་ཟླ་བ་གཉིས་ནང་རྒྱ་ནག་གི་བྱང་ཕྱོགས་ས་ཁུལ་ཁག་ནང་ད་དུང་ཡང་ཤུགས་ཚད་དྲུག་ནས་དགུ་བར་གྱི་བྱེ་མའི་རླུང་འཚུབ་ཡོང་སྲིད་པའི་སྔོན་བརྡ་བཏང་ཡོད་འདུག པེ་ཅིན་གྲོང་ཁྱེར་ནང་བྱེ་མའི་རླུང་འཚུབ་ཀྱི་ཉེན་ཚབས་ཆེ་ཤོས་དེ་བཞིན་ཕྱི་ལོ་༢༠༠༦ལོར་བྱུང་ཡོད་པ་དང་སྐབས་དེ་དུས་བྱེ་མའི་རླུང་འཚུབ་བྱུང་ནས་པེ་ཅིན་གྲོང་ཁྱེར་ནང་བྱེ་མ་ཀྲོན་ཁྲི་གསུམ་ཙམ་སྤུངས་ཡོད་པ་རེད་།