དགའ་ལྡན་ལྔ་མཆོད་ཉིན་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ།
2014.12.16

སངས་རྒྱས་མཁར་གྱིས་ཨ་མཆོག་ཡུལ་ཚོའི་རྒྱ་གཞུང་ཉེན་རྟོག་ཁང་གི་སྒོ་འདུན་དུ་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག
འདི་གར་གནས་ཚུལ་འབྱོར་གསལ་ལྟར་ན། ༢༠༡༤ཟླ་༡༢་ཚེས༡༦དགའ་ལྡན་ལྔ་མཆོད་ཉིན་གྱི་སྔ་མོར་བོད་ནང་གི་ཆུ་ཚོད་༩པ་ཙམ་ལ་མདོ་སྨད་ཀན་ལྷོ་ཁུལ་བླ་བྲང་བསང་ཆུ་རྫོང་ཨ་མཆོག་ཁྱུང་རུ་ཐང་ཡུལ་ཚོ་ནས་ཡིན་པའི་ཕ་དབང་ལོ་དང་། མ་གཡུ་སྒྲོན་གཉིས་ཀྱི་བུ་སངས་རྒྱས་མཁར་ལགས་ཀྱིས་ས་གནས་ཨ་མཆོག་ཡུལ་ཚོའི་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་མེ་ལྕེ་ཆེན་པོའི་ཁྲོད་སྐུ་གྲོངས་ཡོད་འདུག
གནས་ཚུལ་ལྟར་ན། ཁོང་གིས་རང་ལུས་མེར་བསྲེགས་བཏང་རྗེས་མང་པོ་མ་འགོར་བར་རྒྱ་གཞུང་ཉེན་རྟོག་པ་འབྱོར་ཏེ་ཁོང་གི་ཕུང་བོ་བཙན་འཕྲོག་བྱས་ཡོད་པ་དང་། རྗེས་ཀྱི་གནས་སྟངས་གསལ་བོ་མེད་པ་རེད། སངས་རྒྱས་མཁར་ལགས་ནི་ས་བར་བོད་ནས་བོད་མི་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་བྱེད་མཁན་མི་གྲངས་༡༣༤པ་ཡིན་པ་རེད།
གསར་འགོད་པ་ཀླུ་འབུམ།
ཞིབ་ཕྲ་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།