རྡོ་བརྐོས་ཀྱི་སྒྱུ་རྩལ་འགྲེམས་སྟོན།
2011.05.04
༄༅༎རྒྱ་གར་མི་རིགས་ཡིན་པ་དབྱིན་ཇིའི་མི་སེར་རྡོ་བརྐོས་མཁས་པ་སྐུ་ཞབས་ཀ་པུར་ཡིས་ཕྱི་ཟླ་ལྔ་པའི་ཚེས་༡༡ནས་ཕྱི་ཟླ་དྲུག་པའི་ཚེས་༢༣བར་ཁོང་གིས་ཕ་རན་སོའི་གྲོང་ཁྱེར་ཕད་རོ་སིའི་ནང་རྡོ་བརྐོས་ཀྱི་སྒྱུ་རྩལ་འགྲེམས་སྟོན་གནང་རྒྱུ་ཡིན་པའི་ནང་ རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱེད་བཞིན་པའི་སྒྱུ་རྩལ་བ་ཨའེ་ལྦེ་ལྦེ་སྐོར་གྱི་འགྲེམས་སྟོན་གནང་རྒྱུ་ཡིན་པ་གསུང་འདུག སྐུ་ཞབས་ཀ་པུར་ཡིས་གསུང་ན་ རྒྱ་ནག་གཞུང་གིས་སྒྱུ་རྩལ་བ་ཨའེ་ལྦེ་ལྦེ་འཛིན་བཟུང་བཀག་ཉར་བྱེད་བཞིན་པར་ངོ་རྒོལ་གྱི་རྣམ་འགྱུར་དང་ ཨའེ་ལྦེ་ལྦེ་ལ་རྒྱབ་སྐྱོར་མཚོན་ཆེད་ཁོང་རང་གི་དུས་ཚོད་དང་ནུས་ཤུགས་ཡོངས་སུ་བཏང་ནས་འགྲེམས་སྟོན་དེ་སྤེལ་རྒྱུ་ཡིན་པའི་སྐོར་གསུང་འདུག སྒྱུ་རྩལ་འགྲེམས་སྟོན་གོ་སྒྲིག་གནང་མཁན་གྱི་ཚོགས་པས་གསུང་བར་གཞིགས་ན་ ད་རེས་རྡོ་བརྐོས་མཁས་པ་སྐུ་ཞབས་ཀ་པུར་ཡི་རྡོ་བརྐོས་འགྲེམས་སྟོན་དེ་བཞིན་ཧ་ཅང་ཆེ་བ་དང་འཇིགས་སུ་རུང་བའི་ཚོས་གཞི་དམར་པོ་ཅན་གྱི་ མེ་ཏོག་བུམ་པ་ལྟ་བུ་ཞིག་རྡོ་བརྐོས་གནང་ཏེ་ དེའི་གྲོད་པའི་ནང་ལྟད་མོ་ལྟ་མཁན་ཚོ་འགྲོ་ས་བཟོས་གནང་ཡོད་འདུག རྒྱ་ནག་གཞུང་གིས་རྒྱ་ནག་གི་སྒྱུ་རྩལ་བ་ཨའེ་ལྦེ་ལྦེ་ཕྱི་ཟླ་བཞི་པའི་ཚེས་༣ཉིན་འཛིན་བཟུང་གིས་དཔལ་འབྱོར་གྱོད་དོན་དང་འབྲེལ་བ་ཡོད་ལུགས་ཉེས་བཙུགས་ཀྱིས་འཛིན་བཟུང་བཀག་ཉར་བྱས་ནས་ད་བར་གློད་བཀྲོལ་བཏང་མེད་པ་དང་ དེའི་དབར་རྒྱལ་སྤྱིའི་ཡུལ་ཁག་གི་དཔོན་རིགས་དང་འཛམ་གླིང་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ སྒྱུ་རྩལ་བའི་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་གིས་ཨའེ་ལྦེ་ལྦེ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་དང་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་མུས་ཡིན་པ་རེད་