བོད་ཨ་མདོ་ཀིར་རྟི་དགོན་པར་སྔར་བས་དམ་བསྒྲགས།
2011.04.12
༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་མདོ་སྨད་ཨ་མདོ་རྔ་པ་ཀིར་རྟི་དགོན་པའི་དགེ་འདུན་པའི་ཐོག་སྔར་བས་དམ་བསྒྲགས་ཆེ་རུ་བཏང་སྟེ།་དགེ་འདུན་པ་ཚོ་གསོལ་ཆས་ཀྱི་མི་འདེངས་བའི་ཉེན་ཁ་ཡོད་པའི་བློ་འཚབ་ཀྱི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ་རེད།
དེ་རིང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ལྟེ་གནས་ཁང་གིས་གསུང་པར། ཁ་སྔོན་ཕྱི་ཟླ་གསུམ་པའི་ཚེས་༡༦ཉིན་རྔ་པ་ཀིར་རྟི་དགོན་པའི་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་༢༠༠༨ལོིའི་ཞི་རྒོལ་ཆེན་མོར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཏེ་མི་ལོ་གསུམ་འཁོར་བའི་སྐབས་དེར་རང་ལུས་མེ་བསྲེགས་བཏང་སྟེ། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱས་པའི་བྱ་སྤྱོད་ལ་ངོ་རྒོལ་བྱས་པའི་རྗེས་ཀིར་རྟི་དགོན་པའི་ཐོག་རྒྱ་ནག་གཞུང་གིས་དམ་བསྒྲགས་ཡོད་མུས་ཐོག་ལ་ད་དུང་ཡང་དམ་བསྒྲགས་ཆེ་རུ་བཏང་སྟེ། རྒྱ་ནག་གཞུང་གི་དམག་དཔུང་གིས་ཀིར་རྟི་དགོན་པ་མཐའ་བསྐོར་ཏེ་ལྟ་སྲུང་བྱས་པ་མ་ཟད། ད་རེས་གཟའ་མཇུག་ཏུ་དམག་དཔུང་འཕར་སྣོན་བྱས་ཏེ། ཀིར་རྟི་དགོན་པའི་དགེ་འདུན་པ་རྣམས་རང་དབང་གིས་འགྲོ་བསྐྱོད་མི་ཆོག་པ་དགོན་པའི་ནང་དུ་བཀག་བསྡོམས་ནན་པོ་བྱེད་བཞིན་ཡོད་པ་བརྟེན། དམ་བསྒྲགས་ཀྱི་བྱ་སྤྱོད་དེ་ཡིས་དགེ་འདུན་པ་ཚོར་གསོལ་ཆས་མི་འདེངས་བའི་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་ཡོད་པའི་སྐོར་གསུང་ཡོད་པ་རེད། འོན་ཀྱང་དགོན་པའི་དགེ་འདུན་པ་བགྲེས་པ་དང་དགོན་པའི་ལས་སྣེ་ཚོས་དགེ་འདུན་པ་ཚོར་ཟིང་རྒྱབ་རྒྱུ་མེད་པའི་ལམ་སྟོན་གནང་སྟེ། ད་ལྟའི་འཆར་དགོན་པའི་ནང་ཞི་འཇམ་དུ་གནས་ཡོད་པ་རེད། རྒྱ་ནག་གི་སྲུང་སྐྱོབ་དམག་དཔུང་དེའི་སྔོན་ལ་དགོན་པའི་ཕྱི་ཕྱོགས་སུ་མྱུལ་ཞིབ་བྱེད་མཁན་རྣམས་ད་ཆ་དགོན་པའི་ནང་དུ་འཛུལ་བ་མ་ཟད། དགེ་འདུན་པ་བགྲེས་པ་ཚོ་སྐོར་བ་གསོག་པར་ཕེབས་རྒྱུར་བཀག་འགོག་བྱས་ཏེ་གཏོང་གི་མེད་པ་དང༌། དགོན་པའི་ནང་དུ་སོ་ལྟ་བྱེད་ཡུལ་ཡང་བཙུགས་ཡོད་པ་རེད། གོང་གསལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ལྟི་གནས་ཁང་གིས་གསུང་ན། ཁ་སྔོན་ཕྱི་ཟླ་གསུམ་པའི་ཚེས་༡༦ཉིན་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་རང་ལུགས་མེ་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་རྗེས། ས་གནས་བོད་མིའི་ཁྲོད་ནས་མུ་མཐུད་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་བྱུང་བ་ནས་བཟུང་ད་བར་དུ་རྒྱ་ནག་གཞུང་གིས་བོད་མི་༣༣འཛིན་བཟུང་བྱས་པ་དང༌། མི་༡༡གློད་འགྲོལ་བཏང་ཡོད་ཀྱང་ད་དུང་དགེ་འདུན་པ་བརྒྱད་དང་ས་གནས་མི་དམངས་༡༦བཅས་ཁྱོན་མི་གྲངས་༢༢མུ་མཐུད་བཀག་ཉར་དོ་དམ་བྱེད་མུས་ཡིན་པ་གསུང་ཡོད་པ་རེད།