བསོད་ནམས་ལགས་ཀྱི་རྐང་པ་གཉིས་ཀ་བཅད་འདུག
2013.02.20

༄༅། །སྔ་ལོ་ཕྱི་ཟླ་༢ཚེས་༨ཉིན་ཡུལ་ཤུལ་ཁྲི་འདུ་རྫོང་ལབ་དགོན་པའི་དགེ་འདུན་པ་བསོད་ནམས་རབ་དབྱངས་ལགས་ནས་རྒྱ་གཞུང་གི་བཙན་གནོན་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་གནང་ཡོད་པ་རེད། ཁོང་དགུང་ལོ་༤༢རེད་འདུག། སྐབས་དེར་རྒྱ་མིའི་ཉེན་རྟོག་པས་ཁོང་གློ་བུར་ཟི་ལིང་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་བཙན་འཁྱེར་བྱས་རྗེས་ཡུན་རིང་གནས་ཚུལ་གང་ཡང་ཐོས་རྒྱུ་མེད་པ་ཆགས་ཡོད་རུང༌། ཉེ་ཆར་རྒྱ་གར་དུ་ཡོད་པའི་ཁོང་གི་ཉེ་འབྲེལ་ཞིག་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དུ་འགྲེལ་བརྗོད་གནང་བ་གཞིར་བཟུང་བྱས་ན། བསོད་ནམས་རབ་དབྱངས་ལགས་ད་ལྟ་ཁྲི་འདུ་རྫོང་ལབ་གྲོང་ཚོའི་རང་ཁྱིམ་དུ་སྨན་གཏུགས་གནང་བཞིན་ཡོད་པ་དང༌། དེ་སྔོན་རྒྱ་གཞུང་གིས་ཟི་ལིང་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་བཙན་འཁྱེར་བྱས་ནས་ཟླ་བ་གསུམ་ཙམ་གྱི་རྗེས་སུ། ད་ཆ་ཁོང་གི་རྐང་པ་གཉིས་ཀ་སྨན་ཁང་གིས་བཅད་ཟིན་པ་ཤེས་རྟོགས་བྱུང་འདུག།