རྒྱ་ནག་ཏུ་ཨ་རབ་ཀྱི་སྒེར་ལངས་འདྲ་བ་ཡོང་རྒྱུའི་ཉེན་བརྡ།
2012.02.06
༄༅༎ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བགྲེས་པ་དང་ཨ་རིའི་སྤྱི་དམངས་ཚོགས་པའི་སྲིད་འཛིན་གྱི་འོས་དམིགས་ཟུར་པ་སྐུ་ཞབས་ཇོན་མེ་ཀེན་ཡིས་བོད་ནང་རང་ལུས་མེར་བསྲེག་བཏང་མཁན་གྱི་གནས་ཚུལ་རིམ་པ་བྱུང་བ་དེས་རྒྱ་ནག་ནང་ཨ་རབ་ཡུལ་གྲུའི་་སྒེར་ལངས་ཀྱི་ལས་འགུལ་དེ་འདྲ་ཡོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་གནང་ཡོད་པ་རེད་ ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མེ་ཀེན་ཡིས་གོང་ཞུས་བཀའ་མོལ་དེ་ཁ་ཉིན་རེས་གཟའ་སྤེན་པ་ཉིན་ཁོང་ཇར་མ་ནིའི་གྲོང་ཁྱེར་མིའུ་ནིཀ་ནང་བསྐོངས་ཚོགས་གནང་བའི་ཆེས་མཐོའི་རྒྱལ་སྤྱིའི་སྲུང་སྐྱོབ་ཀྱི་ལྷན་ཚོགས་ཞེས་པ་ཞིག་ཉིན་ ༣ རིང་ཚོགས་གནང་བ་དེའི་སྐབས་གསུང་ཡོད་པ་རེད་
སྐབས་དེར་ཁོང་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཀྲང་ཅི་ཇུན་ལ་ཐད་ཀར་དེ་སྔོན་ནས་ལན་མང་བཤད་པ་བཞིན་ད་ཐེངས་ཡང་བཤད་ཀྱི་ཡིན་རྒྱ་ནག་ནང་ཨ་རབ་ཡུལ་གྲུའི་སྒེར་ལངས་དེ་འདྲ་ཡོང་ལ་ཉེ་བར་སླེབས་ཡོད་ ཁྱེད་རང་གི་ཡུལ་ནང་བོད་མའི་ཐོག་དྲག་གནོན་མུ་མཐུད་བྱས་པའི་རྐྱེན་གྱིས་བོད་མི་རྣམས་ཀྱིས་རང་ལུས་མེར་བསྲེག་བཏང་བའི་དོན་རྐྱེན་བྱུང་བ་ནི་བློ་འཚབ་བྱེད་འོས་པའི་གནད་དོན་ཞིག་རེད་ཅེས་གསུང་འདུག