ཁམས་ལི་ཐང་དུ་བོད་རིགས་བདུན་གློད་བཀྲོལ་བཏང་ཡོད་འདུག
2009.02.22
༄༅༎འདི་ལོ་ཕྱི་ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན་ཁམས་ལི་ཐང་དུ་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་སྐབས་སྐུ་ཤོག་བློ་བཟང་ལྷུན་གྲུབ་ཀྱིས་གཙོས་བོད་རིགས་ཉི་ཤུ་རྩ་གཅིག་འཛིན་བཟུང་དོ་དམ་བྱས་ཁོངས་ནས་བོད་རིགས་བདུན་གློད་བཀྲོལ་བཏང་ཡོད་པའི་གནས་ཚུལ་འདུག
འདི་གར་ཁམས་སྐད་སྡེ་ཚན་དུ་རྒྱ་གར་ནས་བློ་དགའ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན་གོང་ཞུས་བོད་རིགས་བདུན་གློད་བཀྲོལ་བཏང་བ་སོ་སོའི་མཚན་དང་དགུང་གྲངས་ནི་བྱམས་པ་ཐོག་མེད་རང་ལོ་སུམ་ཅུ།བློ་བཟང་བསྟན་འཛིན་རང་ལོ་ཉི་ཤུ་རྩ་གསུམ།བྱམས་པ་ཡོན་ཏང་རང་ལོ་སུམ་ཅུ།བྱམས་པ་ཚེ་རིང་རང་ལོ་ཉི་ཤུ་རྩ་བརྒྱད།སངས་རྒྱས་རང་ལོ་ཉི་ཤུ་རྩ་དགུ།དགེ་འདུན་རང་ལོ་ཉི་ཤུ་རྩ་དགུ།ཨ་ཁུ་རྒྱལ་མཚན་རང་ལོ་བཞི་ཅུ་ཞེ་གཅིག་བཅས་ཡིན་པ་རེད། བདུན་ཕྲག་གཅིག་ཙམ་གངོ་ཁམས་ལི་ཐང་དུ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱུང་སྐབས་གོང་ཞུས་མི་སྣ་བདུན་གྱིས་མཉམ་བཞུགས་གནང་ཡོད་པ་འདི་ག་རླུང་འཕྲིན་ཁང་དུ་ཁུངས་ལྡན་གནས་ཚུལ་འབྱོར་བ་ཁག་སྐབས་འཕྲལ་རྒྱངས་བསྲིངས་ཞུས་ཡོད་པ་ལྟར་གནས་ཚུལ་གཏོང་མཁན་གྱིས་གསུངས་པར་གཞིགས་ན་སྐུ་ཤོག་བློ་བཟང་ལྷུན་གྲུབ་ལགས་དང་བསོད་ནམས་བསྟན་པ་ལགས་གཉིས་ད་དུང་རྒྱ་ནག་གཞུང་གིས་ནག་ཉེས་བཙུགས་ཏེ་བཙོན་འཇུག་མུ་མཐུད་བྱེད་ཉེན་ཡོད་ལུགས་འགྲེལ་བརྗོད་གནང་འདུག བསོད་ནམས་བསྟན་པ་ལགས་ཀྱིས་མང་ཚོགས་འདུ་འཛོམས་སར་བོད་དོན་གཏམ་བཤད་བྱས་པ་མ་ཟད་ཕྱི་ཚེས་བཅུ་དྲུག་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་གདན་ཞུ་དང་འབྲེལ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་ཡོད་པ་རེད༎