བོད་རྒྱའི་གྲོས་མོལ་ཐེངས་བདུན་པ་མཇུག་བསྒྲིལ་བ།
2008.07.04
༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་གཉིས་རྒྱ་ནག་གཞུང་གི་སྐུ་ཚབ་རྣམས་དང་བོད་རྒྱའི་འབྲེལ་མོལ་ཐེངས་བདུན་པ་གནང་བའི་སྐོར་ལ་གསར་འགོད་གསལ་བསྒྲགས་བསྐྱང་རྒྱུ་ཡིན་པ་བཙན་བྱོལ་བོད་གཞུང་གི་དྲ་གནས་ཀྱི་ཐོག་གནས་ཚུལ་བཞག དེ་ཡང་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ཕྱི་ཟླ་བདུན་པའི་ཚེས་གཅིག་ནས་གཉིས་ཉིན་གྲངས་གཉིས་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ལས་ཁང་གི་དཔོན་རིགས་རྣམས་དང་བོད་རྒྱའི་འབྲེལ་མོལ་ཐེངས་བདུན་པ་དེ་གནས་ནས་ཚེས་གསུམ་ཉིན་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ལོག་ཕེབས་ཡོད་པ་དང༌། ཚེས་ལྔ་ཉིན་རྒྱ་ནག་གི་དཔོན་རིགས་དབར་འབྲེལ་མོལ་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གཉིས་ལ་སྙན་སེང་ཞུས་རྗེས་ཚེས་ལྔའི་ཉིན་རྒྱབ་ཏུ་གསར་འགོད་ལྷན་ཚོགས་ཤིག་བསྐྱང་རྒྱུ་ཡིན་འདུག་ རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང༌། ད་རེས་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ཚན་པའི་འགན་འཛིན་ཏུའུ་ཆིང་ལིང་དང་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དབར་གྲོས་མོལ་ཐེངས་བདུན་པ་དེ་གནང་ཡོད་པ་དང་དེའི་སྐབས་རྒྱ་ནག་གི་དཔོན་རིགས་ཏུའུ་ཆིང་ལིང་གིས་༸གོང་ས་མཆོག་ནས་དོན་དངོས་དང་ཡོངས་བསྒྲགས་ཐོག་ནས་པེ་ཅིང་ཨོ་ལིམ་པིཀས྄་རྩེད་འགྲན་ལ་གནོད་པའི་ལས་དོན་ཡོངས་རྫོགས་ལ་རྒྱབ་སྐྱོར་མེད་པའི་རྣམ་འགྱུར་འདོན་དགོས་པ་མ་ཟད་བོད་རང་བཙན་རྩོད་ལེན་གྱི་བྱ་སྤྱོད་ཡོངས་རྫོགས་མཚམས་འཇོག་བྱས་ཚེ་ཕྱོགས་གཉིས་དབར་ལོ་མཇུག་གོང་བསྐྱར་དུ་འབྲེལ་མོལ་གནང་རྒྱུའི་འདོད་ཚུལ་བཏོན་ཡོད་ལུགས་འཁོད་ཡོད་པ་རེད༎