རྒྱ་ནག་ནང་ཨ་རིའི་གློག་བརྙན་འཁྲབ་མཁན་ཞིག་ལ་སྐྱོན་བརྗོད།

ཤེ་རོན་སོ་ཀྲོན་གྱིས་རྒྱ་ནག་གཞུང་ནས་བོད་ཐོག་ནོར་འཁྲུལ་གྱི་སྲིད་བྱུས་འཛིན་པ་དེའི་ལས་ངན་འཁོར་ཏེ་ས་ཡོམ་རྒྱབ་ཡིན་སྲིད་གསུངས་པར་རྒྱ་ནག་ནས་སྐྱོན་བརྗོད་བྱས་འདུག

2008.05.28

༄༅༎ཤེ་རོན་ སོ་ཀྲོན་གྱིས། རྒྱ་ནག་གཞུང་ནས་བོད་ཐོག་ནོར་འཁྲུལ་གྱི་སྲིད་བྱུས་འཛིན་པ་དེའི་ལས་ངན་འཁོར་ཏེ་ས་ཡོམ་རྒྱབ་པ་ཡིན་སྲིད་པའི་སྐོར་གསུངས་པར་རྒྱ་ནག་ནས་སྐྱོན་བརྗོད་བྱས་འདུག།

ཨ་མི་རི་ཀའི་སྙན་གྲགས་ཅན་གྱི་གློག་བརྙན་འཁྲབ་མཁན་ཤེ་རོན་ སོ་ཀྲོན་གྱིས་ཉེ་ཆར་ཀེན་སེ་གློག་བརྙན་དུས་སྟོན་སྐབས་དགོངས་ཚུལ་གསུངས་པའི་གནད་དོན་ཞིག་དེང་སང་ཡོངས་གྲགས་ཆེ་བས་གློག་རྡུལ་དྲ་རྒྱའི་ཡུ་ཀྲུབ་ཞེས་པའི་བརྙན་པར་ནང་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་དེའི་ནང༌། ཁོ་མོས། བོད་ནང་རྒྱ་ནག་གཞུང་ནས་བོད་མི་ཚོའི་ཐོག་འཛིན་པའི་ནོར་འཁྲུལ་གྱི་སྲིད་བྱུས་དེར་ང་རང་དགའ་པོ་མེད་ལ་རྒྱ་ནག་ནང་ཨོ་ལིམ་ཕིག་རྩེད་འགྲན་ཚུགས་པའི་སྐབས་ང་ཚོས་ག་རེ་བྱེད་དགོས་ཀྱི་རེད་བསམ་པའི་བློ་འཚབ་ཞིག་ཡོང་གི་འདུག། དེ་འདྲའི་གནས་སྟངས་འོག་གནས་ཚུལ་འདི་འདྲ་ཞིག་བྱུང་བ་རེད་ཅེས་རྒྱ་ནག་ནང་ས་ཡོམ་གྱི་གོད་ཆགས་ཕོག་པའི་དཔེ་མཚོན་དུ་གལ་སྲིད་སོ་སོས་མི་གཞན་ཞིག་ལ་ཡག་པོ་མ་བྱས་པ་ཡིན་ན་སོ་སོ་རང་ཉིད་ལའང་ཡག་པོ་ཡོང་གི་མེད་པ་ཡིན་དུས་ཕལ་ཆེར་འདི་ལས་འབྲས་འཁོར་བ་ཞིག་མིན་ནམ་བསམ་པ་བྱུང་ཞེས་གང་ལྟར་ཁོང་རང་ཉིད་༸གོང་ས་མཆོག་དང་ཐུགས་འདྲིས་ཆེན་པོ་ཡོད་མཁན་ཞིག་ཡིན་དུས་རྒྱ་ནག་གཞུང་ནས་བོད་མིའི་ཐོག་དྲག་གནོན་བྱེད་སྟངས་ལའང་ཐུགས་འཚབ་ཡོད་ལུགས་གསུངས་ཡོད་པ་བཅས་ལ་བརྟེན་ ད་ཆ་རྒྱ་ནག་ནང་ཡོད་པའི་གློག་བརྙན་འགྲེམས་སྤེལ་བྱེད་མཁན་གྱི་ཚོང་ལས་ཚན་པ་དང་། དེ་བཞིན་ཚོང་ཟོག་ཐོག་ནས་ཁོ་མོའི་པར་རིས་ཡོད་པའི་དྲིལ་བསྒྲགས་ཚུན་ཆད་རྒྱ་ནག་ནང་ཁྱབ་སྤེལ་བྱེད་རྒྱུ་མིན་ལུགས་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ནང་བཀོད་ཐོན་བྱུང་འདུག། དེ་དང་ཕྱོགས་མཚུངས་གློག་རྡུལ་དྲ་རྒྱའི་ཐོག་ནས་ཁོང་གི་དགོངས་ཚུལ་གསུངས་པ་དེ་དག་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟེན་པ་དང་། ཁོང་རང་ཉིད་ནས་དེའི་ཐོག་དགོངས་སེལ་ཞུ་དགོས་ལུགས་སོགས་གླེང་སློང་བྱས་ནས་རྒྱ་རིགས་ཚོས་ངོ་རྒོལ་གྱི་རྣམ་འགྱུར་བསྟེན་རྒྱུ་འགོ་ཚུགས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎