བོད་ཀྱི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ།
2012.04.10
༄༅༎བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་བཙན་བྱོལ་གྱི་བོད་མི་ཚོས་འབྱུང་འགྱུར་གྱི་གཟའ་འཁོར་འགའ་ཤས་ནང་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད།
དེ་ཡང་བཞུགས་སྒར་རྡ་རམ་ས་ལའི་བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ནས་འཐུས་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་བསྐོ་བཙུགས་གནང་སྟེ། བོད་ནང་དུ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་ཚབས་ཆེ་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་རྒྱལ་སྤྱིའི་ཐོག་གོ་རྟོགས་སྤེལ་རྒྱུའི་ལས་འགུལ་འགོ་འཛུགས་གནང་རྒྱུ་ཡིན་ཞིང༌། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་གཞོན་པ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། ང་ཚོ་སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཚོགས་ཀྱི་འཐུས་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་བཙུགས་ཟིན་པ་དང༌། ཁོང་རྣམས་ཀྱིས་འབྱུང་འགྱུར་གྱི་ཟླ་བ་འགའ་ཤས་རིང་རྒྱལ་སྤྱིའི་ཐོག་བོད་ནང་གི་ཡ་ང་བའི་གནས་སྟངས་གོ་རྟོགས་སྤེལ་བའི་ལས་འགུལ་ཁག་འགོ་ཁྲིད་དང་འགན་འཁུར་བཞེས་རྒྱུ་ཡིན་པ་གསུང་ཡོད་པ་རེད། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་དེའི་ནང་དུ་སྤྱི་འཐུས་ཀརྨ་ཡེ་ཤིས་ལགས་དང༌། འཇམ་དབྱངས་བཟོད་པ་ལགས། དགེ་བཤེས་སྨོན་ལམ་ཐར་ཕྱིན་ལགས། ཀིརྟི་སྒྲོལ་དཀར་ལྷ་མོ་ལགས། པདྨ་འབྱུང་གནས་ལགས་བཅས་ཡིན་ཞིང༌། ཁོང་རྣམས་ཚང་མ་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་འཐུས་མི་ཡང་ཡིན་པ་དང༌། སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་གསར་འགོད་པར་ཁོང་རྣམས་ཀྱི་ལས་འགུལ་གྱི་འཆར་གཞིའི་སྐོར་ངོ་སྤྲོད་གནང་བའི་ནང༌། རྒྱལ་སྤྱི་ཁྱོན་ཡོངས་སུ་དཔལ་འབར་སྤྲོད་ལེན་གྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཐག་གཅོད་བྱས་ཟིན་པ་དང༌། འོན་ཀྱང་དུས་ཚོད་ག་དུས་གཏན་འཁེལ་གྱི་མཐའ་མའི་ཐག་གཅོད་བྱ་རྒྱུ་བསྡད་ཡོད་པས་ལས་འགུལ་དང་དུས་ཚོད་སོགས་ཞིབ་ཕྲའི་གནས་ཚུལ་གང་མགྱོགས་གསལ་བསྒྲགས་བྱ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།